བྱང་ཐང་གི་མཛེས་ལྗོངས། ལུའི་ལིང་ལུང་།
羌塘风光
བཀྲ་ཤིས་པའི་ཁ་བ་དཀར་པོ་ནི་བར་སྣང་ནས་ལྡིང་སྐོར་བྱེད་བཞིན་གསེར་ལུང་སྡེ་བའི་དཔོན་རྒན་ཟླ་བ་ཚང་གི་མཐིང་སྨུག་སྦྲ་སྟེང་དུ་ལྷུང་བྱུང་། སང་ཉིན་ནི་དཔོན་རྒན་ཟླ་བ་ཚང་གི་བུ་ཉི་མའི་བཀྲ་ཤིས་གཉེན་སྟོན་ཡིན་པས་སྦྲ་ནང་དུ་གཉེན་སྟོན་ལ་གྲ་སྒྲིག་བྱེད་པའི་མི་ཚོ་འུར་ཟིང་གིས་ཁེངས་འདུག
མཚམས་ཤིག་ལ། ལྕགས་ཐབ་ཡར་སྒྱེད་ཀྱི་གོ་འགྲམ་དུ་ལྷོད་གྱི་ལེར་སྡོད་པའི་དཔོན་རྒན་ཟླ་བས་དོན་དག་གལ་ཆེན་ཞིག་ཡིད་ལ་འཁོར་ནས། ཡ། ཉི་མ། ཁྱོད་ཀྱིས་ཤ་གསེས་ནས་སྡོད་ཁོམ་ག་ལ་ཡོད། ཁྱོད་ལ་མོ་འབྲོང་དགོན་པར་སོང་ནས་སྤྲུལ་ཐོག་རྒོད་གཉེན་སྟོན་གྱི་གཡང་འབོད་འདོན་དུ་ཆིབས་བསུ་བྱ་དགོས་ཟེར། ལྕགས་ཐབ་མར་སྒྱེད་དུ་སྡོད་པའི་བུ་ཉི་མས་ཀྱང་གཡག་ཤ་ཚང་ར་དེ་གསེ་མཚམས་བཞག་ནས་སྣང་བ་དགའ་ཡ་ལེར་ཨ་ཕ་ལགས། ང་ད་ལྟ་སོང་ནས་སྤྲུལ་སྐུ་ཐོག་རྒོད་གདན་དྲངས་ཡོང་ཞེས་སྦྲ་སྒོར་བུད་ནས་འཕྲུལ་རྟའི་ཕྱོགས་སུ་སོང་བ་ན། དཔོན་རྒན་ཟླ་བ་ཡང་གོ་འགྲམ་ནས་ཡར་ལངས་ཏེ། འོ། ལམ་ནས་གཟབ་གཟབ་བྱོས། དེ་རིང་ལམ་ན་ཁ་བ་ཆེ་བས་དལ་མོ་སོང་ཞེས་ཟེར་ཞོར་ཐབ་ཀ་ན་ལས་ཀ་གཞན་དག་ལས་བཞིན་པའི་མི་ཚོར་ཁ་བཀོད་འཐེན་དུ་སོང་།
ཉིན་དེར། གསེར་འབྲོང་རི་སྨུག་པོའི་རི་རྩེ་ནས་སྤྲིན་པ་དཀར་པོ་ལུག་ཁྱུ་འདྲ་བ་དག་ཤར་རླུང་གིས་དེད་ནས་ནུབ་ཕྱོགས་སུ་སོང་ལ། གསེར་ལུང་གི་ནུབ་ལམ་ས་ནས་ཚེ་འདི་ཕྱི་མེ་ལོང་བལྟས་པ་བཞིན་གསལ་བའི་མཁའ་འགྲོ་མ་ཞིག རླུང་བུའི་འགྲོས་ལས་མྱུར་བའི་འཁོར་ཆུང་ཞིག་ལས་དལ་གྱིས་བབ་པ་ན། ལག་ཏུ་མཇལ་དར་བཟུང་ལ། དབུ་ཕྱག་བུད་བུད་འཚལ་བའི་གསེར་ལུང་སྡེ་བའི་རྒན་དར་གཞོན་གསུམ་འཚང་ག་ཤིག་ཤིག་གིས་མཁའ་འགྲོ་མའི་མདུན་དུ་ལུང་བསྟན་ཞུ་བར་སོང།
དེ་རིང་ཇི་འདྲའི་སྟབས་ལེགས་པའི་ཉིན་མོ་ཞིག་རེད་ཨང་། མཁའ་འགྲོ་མ་གསེར་ལུང་སྡེ་བར་ཕེབས་ཉིན། དཔོན་རྒན་ཟླ་བ་ལགས་ཀྱིས་ཁ་ཤ་ལྷབ་ལྷབ་ཏུ་འདར་བཞིན། མིག་ལ་མཆི་མ་འཁོར་ནས་བུ་ཉི་མའི་ནད་གཞི་དྲག་ཐབས་ཀྱི་ལུང་བསྟན་ཞུ་བར་ཕེབས་བྱུང་། མ་གཞི། དཔོན་རྒན་ཟླ་བ་ཚང་གི་བུ་ཉི་མས་གསེར་ལུང་སྡེ་བའི་གཟུགས་ལང་ཚོ་སེང་ལྕམ་འབྲུག་མོ་འདྲ་ལ། མཚན་སྙན་གྲགས་ཁུ་བྱུག་སྔོན་མོར་འགྲན་པའི་ན་ཆུང་མ་ཚེ་རིང་སྒྲོལ་མ་བག་མར་ལེན་པར་གཉེན་ཐག་བཅད་རྗེས། གསར་བུ་ཉི་མས་འཕྲུལ་རྟ་གྱི་ལིང་འཕུར་ཤེས་འདྲ་བ་ཞིག་ཞོན་ནས་སྤྲུལ་སྐུ་ཐོག་རྒོད་གཉེན་སྟོན་གྱི་གཡང་འབོད་ལ་ཆིབས་བསུ་བྱེད་དུ་སོང་། ཉིན་དེར། ཁ་བ་ནི་བྱ་རོ་དང་བྱེའུ་རོ་བཞིན་སེར་སྣ་མེད་པར་གསེར་ལུང་སྡེ་བའི་རི་ལུང་ཐང་གསུམ་ཁེངས་བྱུང་ལ། གསེར་ལུང་ལམ་ཆེན་དུ་འགྲོ་འོང་བྱེད་པའི་མི་ཚོས་ཙག་རླུང་བཙན་པོ་དེ་ལ་ད་ལོ་ཅི་འདྲའི་དགུན་དུས་འཁྱག་པོ་ཞིག་རེད་ཅེས་འཁང་ར་བྱེད་ཀྱིན་འདུག
ལམ་དུ་ཁངས་དར་ཆེ་བས་གསར་བུ་ཉི་མའི་འཕྲུལ་རྟ་ཐང་ལ་བསྒྱེལ་ཏེ་རྐང་པ་བཅགས་ནས་གཉེན་སྟོན་ཕྱིར་འཐེན་བྱེད་དགོས་བྱུང་། བཀྲ་མི་ཤིས་པའི་རྐྱེན་ངན་དེར་དཔོན་རྒན་ཟླ་བས་རྣམ་རྟོག་ཟ་བཞིན། དང་ཐོག་ཁོས་གསེར་ལུང་སྡེ་བའི་སྨན་པ་བོས་ནས་རང་ཁྱིམ་དུ་སྨན་བཅོས་བྱས་མོད། བུ་ཉི་མའི་རྐང་པ་སྐྲངས་ནས་གདུང་མ་ལྟ་བུ་ཞིག་ཏུ་གྱུར་ལ། ན་ཟུག་ཀྱང་ཇེ་ཆེར་སོང་བས་མཐར་འུ་ཐུག་ཐབས་ཟད་དུ་གྱུར་ནས་གསེར་ལུང་སྨན་ཁང་དུ་སོང་།
སྨན་པས་ནད་པ་འདི་དུས་ལྟར་སྨན་ཁང་དུ་མ་ཡོང་བས་སྨན་བཅོས་བྱེད་པའི་དུས་ཚོད་ལེགས་ཤོས་ཡོལ་ཟིན་པས། ད་ནི་ནད་པའི་བརླ་མཚམས་ནས་མ་བཅད་ན་རྐང་པ་དྲག་པའི་ཐབས་བཀོད་མི་འདུག་ཟེར། གསར་བུ་ཉི་མས་དོན་དག་དེ་གོ་བ་ན། ཁ་སྐྱལ་བ་འདྲ་ཞིག་གདངས་ལ། མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་བཞིན་མིན། གཏན་ནས་མིན། ང་ལ་རྐང་པ་མེད་ན། ང་མ་འོངས་པར་ཆུང་མ་ཚེ་རིང་སྒྲོལ་མར་ཅི་ལྟར་འགྲོགས་དགོས་ཞེས་སྨན་པས་བཤད་པ་དང་ལེན་མ་བྱས་པར་ཁོང་ཕ་བུ་གཉིས་ཕྱིར་གསེར་ལུང་སྡེ་བར་ཡོང་ནས་རང་ཁྱིམ་དུ་སྨན་བཅོས་བྱས་མོད། བུ་ཉི་མའི་རྐང་ནད་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་ལ། ཕ་ཟླ་བའི་སེམས་ནད་ཀྱང་ཉིན་རེ་བཞིན་ཇེ་ཆེར་སོང་། མཁའ་འགྲོ་མའི་མདུན་དུ་ལུང་བསྟན་ཞུ་བར་ཕེབས་པའི་མི་ཚོགས་ཁེངས་འདུག་ལ། མི་ཚོགས་ཀྱི་ཁྲོད་ན་དཔོན་རྒན་ཟླ་བ་ཡང་བཙན་གྱིས་མདུན་ཕྱོགས་སུ་འཚང་གིན་འདུག
མཁའ་འགྲོ་མས་དཔོན་རྒན་ཟླ་བས་ཞུ་རྟེན་ལ་ཕུལ་བའི་དར་དང་སྒོར་མོ་ཁུག་མའི་ནང་དུ་བཅུག་ལ། དེ་ནས་བརྩེ་བའི་སྤྱན་གྱིས་དཔོན་རྒན་ཟླ་བ་ལ་གཟིགས་ཞོར། ཁྱོད་ཀྱི་བུའི་ནད་གཞི་ནི་འདི་འདྲ་ཞིག་རེད། ཉིན་དེར། གསར་བུ་ཉི་མས་འཕྲུལ་རྟ་ཞོན་ནས་ཡར་འགྲོ་བ་དང་། གཞི་བདག་ཁྱུང་མགོས་སྣ་ལོ་ཞོན་ནས་མར་ཡོང་བ་གདོང་ཐུག་བརྒྱབ་འདུག་ལ། གཙོ་བོ་གཞི་བདག་ཁྱུང་མགོ་ལ་རྨས་ཚབས་ཆེན་ཞིག་བྱས་འདུག་པས། གཞི་བདག་ཁྱུང་མགོ་རྨས་ལས་མ་དྲག་ན་ཁྱོད་ཚང་ལ་དེ་བས་གནོད་ཆེ་ལ། གལ་ཏེ་དྲག་ཀྱང་གཞི་བདག་ལ་ཕོགས་ཐུག་ཚབས་ཆེན་བྱས་འདུག་པས་བུ་ཉི་མ་ནད་ལས་ཐར་བ་དཀའ་མོ་རེད་ཅེས་གསུངས།
དཔོན་རྒན་ཟླ་བས་ཁ་ནས་སྨེ་སྔགས་འདོན་ཞོར། ལག་པས་བྲང་ལ་རྡུང་བཞིན་ཕྱིར་ཁྱིམ་དུ་ལོག ལམ་བར་དུ་ཁོའི་ཡིད་ལ་འགྱོད་པ་བཟོད་གླགས་བྲལ་བ་ཞིག་སྐྱེས། དེ་ནི་ལོ་དེའི་ཡར་སྔོན་གྱི་ཉིན་ཞིག་གི་དོན་དག་ལོས་ཡིན། ཁོས་དཔོན་ཆེན་པོ་དང་ཁ་བཙན་པོའི་གཡོ་སྒྱུ་ལ་བརྟེན་ནས་གསེར་ལུང་སྡེ་བའི་བུ་མོ་ཚེ་རིང་སྒྲོལ་མ་ལྷ་ལུང་སྡེ་བའི་དབུལ་ཕོངས་དུད་ཁྱིམ་དོན་གྲུབ་ཚང་ལ་མནའ་མར་སྟེར་ཟིན་པ་བཙན་འཕྲོག་བྱས་པ་མིན་ནམ། ད་ནི་ཚེ་རིང་སྒྲོལ་མའི་ཁོག་གི་བྱིས་པ་དེ་ཡང་སུས་ཡིན་མི་ཤེས་པས་དངན་པ་རིང་པོ་ཞིག་འཐེན་དགོས་བྱུང་ལ། དེ་བས་ཀྱང་ཚབས་ཆེ་བ་ཞིག་ལ། བུ་མོ་ཚེ་རིང་སྒྲོལ་མ་ནི་གཟུགས་ལང་ཚོ་ལྷ་ཡི་བུ་མོ་དང་འདྲ་ལ་གསེར་ལུང་སྡེ་བའི་མི་ཚོས་ནམ་རྒྱུན་དེ་ནི་གཞི་བདག་ཁྱུང་མགོའི་སྲས་མོ་ཡིན་ཟེར་བའང་བདེན་སྲིད། དཔོན་རྒན་ཉི་མས་དེ་ལྟར་བསམ་བཞིན་སྔངས་སྐྲག་དང་མཉམ་དུ་བྲེལ་མ་འཚུབ་གྱིས་ཁྱིམ་ལ་ཐོན།
ཉིན་ཁ་ཤས་འགོར་རྗེས།
ཏག་ཏག་མཁའ་འགྲོ་མའི་ལུང་བསྟན་བཞིན། གསར་བུ་ཉི་མ་ཚེ་ལས་འདས་སོང་།
གསེར་ལུང་སྡེ་བར་མཁའ་འགྲོ་མའི་དད་འདུན་སྔར་བས་ཇེ་ཆེར་སོང་ལ།
ལུང་བསྟན་ཞུ་མཁན་དེ་ལས་ཀྱང་མང་དུ་སོང་། །
གནས་མཆོག་ཁ་བ་དཀར་པོ།
眺望梅里雪山