德吉草,女,藏族,1963年生,甘肃省甘南藏族自治州夏河县人。现任西南民族大学藏学学院教授,中国少数民族语言文学硕士点导师。
她先后撰写并出版了《歌者无悔—当代藏族作家作品选评》、《族群互动与多元创造》(合作)、《藏族道德研究》、《四川藏区的文化艺术》、《诗意地栖居——当代藏族作家心路历程》、《当代藏族作家双语创作研究》、《藏族当代文学批评》等7部著作。翻译藏传佛教宁玛派重要典籍《隆钦七宝藏之宗轮藏》,在《西藏研究》、《中国少数民族文学研究》、《西南民族大学学报》、《中国藏学研究》等学术刊物上发表了《认识阿来》、《多元文化主义与藏族母语文学》、《失落与重构》、《古典名著<莲苑歌舞>对藏族当代文学的启示》等40多篇论文。获得中国藏学研究“珠峰奖”、少数民族文学评论优秀奖、四川省教改项目一等奖、西南民族大学教学质量二等奖和西南民族大学首届教学名师、四川省优秀教师等荣誉称号。现主持国家社科基金项目《宗喀巴大师中论广释译注》,参研国家社科基金项目2项,省部级项目5项。
འཇིག་རྟེན་འདིའི་ཚེ་སྲོག་རེ་རེ་ཡི་བདེ་སྐྱིད་དང་སྡུག་བསྔལ། ཡང་ན་སྐྱེ་རྒ་འཆི་དང་བྱམས་སེམས། བརྩེ་དུང་སོགས་ནི་ང་ཚོའི་མི་ཚེའི་གོ་རིམ་ཁྲོད་དུ་བསྐྱར་དུ་མྱང་ཐབས་མེད་པའི་ཚོར་ཤེས་དང་དཔྱོད་ཤེས་ལས་གྲུབ་པའི་མྱོང་སྣང་རེ་རེ་ལགས། ཤུགས་དྲག་པའི་ཚོར་ཤེས་ཀྱི་ངོས་འཛིན་ལས་ང་ཚོས་བསམ་པའི་ལོངས་སྤྱོད་ཀྱི་བསྟི་གནས་ཤིག་འཚོལ་ཞིབ་དང་རྒས་ཁོགས་སུ་འགྱུར་བཞིན་པའི་ནང་སེམས་ལ་བྱི་དོར། ཆགས་སྡང་གིས་བསླངས་པའི་སེམས་དུབ་ལ་ཕྱིར་རྟོག་བྱས་ཏེ་དགའ་སྐྱོ་དང་ཕུགས་སེམས། རེ་སྒུག་དང་ཡིད་ཆེས། ཐོབ་ཤོར་དང་རྒྱལ་ཕམ་གྱིས་གྲུབ་པའི་མི་ཚེ་འདིའི་བསམ་སྤྱོད་རེ་རེར་བསམ་གཞིག་དང་འཚོལ་ཞིབ་བྱ་རྒྱུ་ནི་དེང་རབས་ཀྱི་ང་ཚོ་དང་ལྷག་པར་དུ་ན་གཞོན་རྩོམ་པ་པོ་དག་གི་མཛེས་དཔྱོད་ཀྱིས་འཚོལ་ཞིབ་དང་དོ་སྣང་བྱ་ཡུལ་གལ་ཆེན་ཞིག་ཏུ་འཁུམས། འདི་ནི་ཁོ་མོས་དེང་རབས་རྩོམ་པ་པོ་དག་ལ་བཏོན་པའི་རེ་བ་དང་ཁོ་མོས་རྩོམ་རིག་དཔྱད་བརྗོད་ཁྲོད་འཚོལ་སྙེག་བྱེད་བཞིན་པའི་རྩོམ་རིག་གི་མཛེས་པ་ལགས།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་བུད་མེད་དགེ་རྒན་ཚོ་དང་མཉམ་དུ་བསྐྱོན་པའི་འདྲ་པར།
西南民族大学藏学学院女教师合影
ཆེད་ལས་དཔྱད་བརྗོད་པ་དག་དང་མི་མཚུངས་པ་ནི་ཁོ་མོས་བྲིས་པའི་དཔྱད་རྩོམ་དག་གི་ཆེས་མཐར་ཐུག་གི་དམིགས་ཡུལ་ལ་འགྱུར་བ་ཆེན་པོ་མེད་པར་མ་ཟད། བོད་ཀྱི་རྩོམ་རིག་དང་བར་ཐག་རིང་བའི་གཞུང་ལུགས་ཀྱི་སྤྲོས་བརྗོད་ཀྱང་བྲལ། ཁོ་མོས་ལོ་ངོ་ཉི་ཤུའི་རིང་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་བྱས་པའི་གོ་རིམ་ཁྲོད་ངེས་གཏན་གྱི་འཚོལ་སྙེག་ཅིག་རྒྱུན་འཁྱོངས་བྱས་ཡོད་དེ། གཏན་འཇགས་རང་བཞིན་གྱི་མཛེས་དཔྱོད་ཀྱི་འཚོལ་སྙེག་དང་གཏིང་མཐའ་བྲལ་བའི་མི་རིགས་ཀྱི་བརྩེ་དུང་། ཁ་གསལ་ལ་གོ་བདེ་བའི་ལྷུག་བརྗོད་ཀྱི་ཁྱད་ཆོས་བཅས་སོ།། ཁོ་མོས་ནམ་རྒྱུན་རྩོམ་རིག་དཔྱད་བརྗོད་ཀྱི་ངོ་བོར་གྱུར་པའི་ཀུན་སྤྱོད་དང་མི་ཆོས་ལ་ཡིད་རྟོན་བྱས་ཏེ་དཔྱད་བརྗོད་སྤེལ་བའི་བརྩམས་ཆོས་དེ་དག་གི་རྩོམ་པ་པོ་དང་ལྷན་དུ་མཐོ་སྒང་འདིའི་འཆར་ཡན་གྱིས་ཕྱུག་པའི་རི་ཆུའི་མཛེས་སྡུག་དང་། ཕྱིར་དྲན་གྱི་ཀློང་ན་ཡལ་མ་མྱོང་བའི་ཕ་ཡུལ་དང་ཁྱིམ་གཞིས། བརྩེ་བ། དེ་མིན་ཆེས་སྤྱིར་བཏང་གི་གཏམ་རྒྱུད་དག་ལས་མངོན་པའི་བབ་ཆགས་ཤིང་བདེན་དོན་གྱིས་བརྟས་པའི་འཚོ་བར་མྱོང་རོལ་བྱེད་པར་སྤྲོ། དོན་དུ་འཚོ་བར་དཀྱེལ་ཡངས་ཀྱི་བློ་ཁོག་མངའ་ཞིང་གུས་ལུགས་དང་དྲིན་ཚོར་ལྡན་པའི་མི་བུ་དག་དང་། དྲང་བདེན་ལ་གཞོལ་ཞིང་རེ་འདུན་གྱི་མཁའ་དབྱིངས་ལ་མཛེས་སྡུག་གི་རི་མོ་འབྲི་མཁན་གྱི་མི་བུ་དག་ནི་ཁོ་མོའི་འཚོལ་སྙེག་གི་ལམ་ཁའི་སྡོང་གྲོགས་རེ་རེ་ཡིན་ངེས།
ད་ནི་ཁོ་མོའི་སློབ་གཉེར་དང་ལས་དོན་གྱི་བཞུད་ལམ་ངོ་སྤྲོད་མདོར་ཙམ་བྱས་ན། དགེ་རྒན་ཆེན་མོ་བདེ་སྐྱིད་འཚོ་ནི་སྤྱི་ལོ་1963ལོའི་ཟླ་8པར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་སྐྱེས་ཤིང་། ཕ་མ་གཉིས་དང་ལྷན་དུ་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་གི་ཉེ་འགྲམ་དུ་འཚོ་བ་བསྐྱལ་བའི་ལོ་ཟླ་དེ་དག་ནི་ཁོ་མོར་མཚོན་ན་དྲན་འཛིན་གྱི་མེ་ལོང་ངོས་སུ་ནམ་ཡང་བསུབ་ཏུ་མེད་པའི་ཆེས་མཛེས་སྡུག་གི་ཕྱིར་དྲན་ཡིན་ལ། སྐབས་ཐོག་དེའི་བླ་བྲང་དགོན་པ་ནི་ངལ་དུབ་ཀྱིས་གཟིར་བའི་སྐྱེས་ཆེན་ཞིག་དང་འདྲ་བར་ལྷིང་འཇགས་སུ་གནས། ཞིག་རུལ་ཏུ་གྱུར་བའི་གྲྭ་ཤག་དག་དང་གས་ཁ་ཤོར་བའི་སོ་ཕག་དག་ནི་གོ་རིམ་མེད་པར་སྐྱེས་ཆེན་དག་གི་རྣམ་དཔྱོད་ཀྱི་འོད་ཟེར་འཕྲོ་སའི་དགོན་སྡེའི་འདིའི་བར་ཁྱམས་སུ་ལུས་འདུག ནམ་རྒྱུན་ཨ་ཕ་དགོང་མོར་ཁྱིམ་དུ་ལོག་རྗེས་ནན་ཏན་གྱིས་ཁོ་མོའི་ལས་བྱར་ཞིབ་བཤེར་དང་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་པའི་སྐུལ་མ་གཏོང་ངེས། ནར་སོན་གྱི་ལོ་ཟླ་དེ་དག་ཏུ་ཁོ་མོ་དང་མཉམ་དུ་དགའ་སྤྲོའི་དགོད་སྒྲ་རླུང་ལ་བསྐུར་མྱངས་བའི་གྲོགས་པོ་ཆུང་ཆུང་དེ་དག་དང་ཚོགས་ཆེན་འདུ་ཁང་གི་བར་ཁྱམས་སུ་འཕུར་ལྡིང་བྱེད་བཞིན་པའི་ཕུག་རོན་གྱི་ཁྱུ་ཚོགས། དེ་མིན་ཉེ་འགྲམ་ན་རྒྱུན་དུ་སྒོ་དམ་པོར་གཏན་འདུག་པའི་འདུ་ཁང་ཆེན་པོ་དེའི་ནང་དུ་སྐབས་འགར་སྒོར་བུད་དེ་སེར་མདོག་གི་མེ་ཏོག་ཚོམ་བུ་ཞིག་ཁྱེར་ཡོང་ནས་སྐས་རྐང་སྟེང་འཇོག་སྲིད་པའི་གྲྭ་ལྭ་གྱོན་མེད་པའི་རྒན་པོ་བཅས་ནི་ཁོ་མོའི་བྱིས་བློའི་ངོས་སུ་བྲིས་པའི་འཆར་ཡན་གྱི་རི་མོ་རེ་རེ་ལགས།
སྤྱི་ལོ་1980ལོར་ཁོ་མོས་ནུབ་བྱང་མི་རིགས་སློབ་གླིང་(དེང་དུས་ཀྱི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།)དུ་རྒྱུགས་འཕྲོད། སློབ་སྦྱོང་གི་སྐས་རིམ་གསར་པ་ཞིག་ལ་བསྙེག་པའི་དགའ་སྤྲོ་དང་བསྡོངས་ཏེ་ཁོ་མོར་སེམས་ཁྲལ་གཞན་ཞིག་ལྷགས་ཡོང་བ་ནི་བོད་ཡིག་གི་རྨང་གཞི་ཞན་པ་དེ་རེད། ཁོ་མོར་ཆ་མཚོན་ན་ཆུང་དུས་ནས་རྒྱ་ཡིག་སློབ་གྲྭ་ནས་སློར་གཉེར་བྱས་ཤིང་ད་ནི་བོད་ཡིག་གི་ཆེད་ལས་བདམས་པར་ཡོད་ཚད་རྨང་གཞི་ནས་མགོ་བརྩམས་དགོས་འདུག ནུབ་བྱང་མི་རིགས་སློབ་གླིང་ནི་ཨ་ཕས་ཁོ་མོའི་ཚབ་ཏུ་བདམས་པའི་གདམ་གསེས་ཤིག་ཡིན་ལ། དེ་ནི་ཕ་བསམ་བློ་ཅན་ཞིག་གི་ཁོ་མོར་བསྟན་པའི་མི་ཚེ་བགྲོད་ལམ་ཞིག་དང་མི་བུ་སྒལ་ཚིགས་ཅན་ཞིག་གི་རང་གི་བུ་མོར་གདམས་པའི་སློབ་སྟོན་ཡིན་ངེས། སྐབས་དེར་འཛིན་གྲྭའི་ནང་བོད་སྐད་བཤད་ཤེས་མཁན་གྱིས་སློབ་མ་ལྔ་དྲུག་ཙམ་ལས་མེད་པས་ཁོ་མོའི་སློབ་སྦྱོང་གི་རྗེས་མི་ཆོད་པའི་སེམས་ཁྲལ་དེ་རེ་ཞིག་ཞི་འཇགས་སུ་གྱུར། ཁོ་མོས་བོད་ཡིག་གི་ཀློག་སྦྱོར་ནས་མགོ་བརྩམས་ཏེ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་བརྩོན་མཐར་ཁོ་མོའི་སྦྱངས་འབྲས་ཡར་ངོའི་ཟླ་ལྟར་འཕེལ། སློབ་ཆེན་གྱི་ལོ་ངོ་བཞི་ནི་བརྩོན་འགྲུས་དང་ཡར་ཐོན། གྲུབ་འབྲས་དང་རེ་བས་གྲུབ་པའི་ལོ་ངོ་བཞི་ཡིན་ཞིང་། ལོ་ངོ་བཞིའི་རྗེས་སུ་ཁོ་མོས་འཛིན་གྲྭ་ཡོངས་ལས་ཨང་དང་པོའི་སྦྱངས་འབྲས་བླངས་ཏེ་སློབ་མཐར་ཕྱིན།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་རིག་པའི་རབ་འབྱམས་མཐར་ཕྱིན་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཚོགས་འདུར་ཞུགས་པ།
德吉草(前左二)参加西南民族大学首届藏学硕士生论文答辩会
སྤྱི་ལོ་1984ལོ་ནས་1993ལོའི་བར་ཁོ་མོས་ཀན་ལྷོ་ཁུལ་སྲིད་གཞུང་ཡིག་སྒྱུར་ཅུས་ནས་དཔེ་རྙིང་བསྡུ་སྒྲིག་དང་ལོ་ཙཱའི་ལས་ཀ་གཉེར། བོད་ཡིག་གི་དཔེ་རྙིང་ཡིག་ཆའི་དཀར་ཆག་ཡིག་སྒྱུར་དང་ཁུལ་ཡོངས་ཀྱི་བོད་སྐད་ཡིག་ཁྱབ་གདལ་གྱི་རྟོག་ཞིབ། ཚོགས་ཆེན་གཉིས་ཀྱི་ཡིག་ཆ་ཡིག་སྒྱུར་དང་ངག་སྒྱུར་སོགས་ཀྱི་ལས་ཀར་ནན་གྱིས་བསྒྲུབས། དེ་མིན་ད་དུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་རྩོམ་སྒྲིག་ལས་ཀར་ཞུགས་པར་མ་ཟད། ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཡིག་ཆའི་ལོ་ཙཱའི་བྱ་བ་བསྒྲུབས། བྱ་བའི་བྲེལ་འཚུབ་ཀྱི་བར་གསེང་ལས་ཁོ་མོས་རྩོམ་པ་པོ་དོན་གྲུབ་རྒྱལ་གྱི་སྙན་ངག་དང་ལྷུག་རྩོམ་རྒྱ་ཡིག་ཏུ་བསྒྱུར་བ་དང་། དེ་ལས་《རྐང་ལམ་ཕྲ་མོ།》དང་《དྲི་བཞོན་བུ་མོ།》རྒྱ་ཡིག་ཏུ་བསྒྱུར་བར་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ། ཁོ་མོས་གཞན་དང་མཉམ་དུ་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་གྱི་ཐང་མ།》བསྒྱུར་གནང་མཛད་པ་དང་། བར་སྐབས་དེར་ཁོ་མོས་《བོད་ལྗོངས་རྩོམ་རིག》དང་《བོད་ལྗོངས་ཞིབ་འཇུག》 《སྐལ་བཟང་མེ་ཏོག》སོགས་གཞུང་སྒེར་གང་རུང་གི་དུས་དེབ་སྟེང་རིག་གཞུང་དཔྱད་རྩོམ་མང་པོ་བཀོད། བར་སྐབས་དེའི་སྦྱོང་བརྡར་ལས་ཁོ་མོའི་རྗེས་ཕྱོགས་ཀྱི་མི་རིགས་རྩོམ་རིག་གི་ཞིབ་འཇུག་དང་གནའ་དཔེ་ལོ་ཙཱར་རྨང་གཞི་བརྟན་པོ་བཏིངས།
སྤྱི་ལོ་1986ལོ་ནས་1988ལོའི་བར། ལས་ཁུངས་ཀྱིས་ཁོ་མོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་དུ་མངགས་ཤིང་སྐབས་དེར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བསྡུ་སྒྲིག་གི་ཟབ་སྦྱོང་འཛིན་གྲྭ་བསྡུས། པེ་ཅིང་དུ་ཟབ་སྦྱོང་བྱས་པའི་ལོ་ངོ་གཉིས་ཀྱི་རིང་ལ་ཁོ་མོས་མ་ལག་ཚང་བའི་སྒོ་ནས་མི་རིགས་གནའ་དཔེ་ཡིག་ཚགས་བསྡུ་སྒྲིག་དང་རྒྱ་བོད་ལོ་ཙཱ། མི་རིགས་རིག་པ། པར་ཞུ་དཔྱད་བསྡུར་རིག་པ། དཀར་ཆག་རིག་པ་དང་ལོ་རྒྱུས་ཡིག་ཚགས་རིག་པ་སོགས་རིག་པའི་གཞུང་ལུགས་དག་ལ་བུང་བ་པད་ཚལ་དང་ངང་བ་མཚོ་འཇུག་ལྟར་སྦྱངས་བརྩོན་བྱས།
ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲུའུ་ཡི་ཀུའུ་ཞིང་སློབ་ཆེན་དུ་བགྲོ་གླེང་དུ་སྐྱོད་སྐབས་བསྐྱོན་པའི་འདྲ་པར།
德吉草(中)在美国德克萨斯州孤星大学交流会期间留影
སྤྱི་ལོ་1993ལོའི་ཟླ་8པར། ཁོ་མོ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ལས་བསྒོས་བྱས་ཏེ་སློབ་གྲྭ་དེ་གར་རྩོམ་རིག་ཞིབ་འཇུག་དང་སློབ་གསོའི་བྱ་བ་བསྒྲུབ་མགོ་བརྩམས། སློབ་ཁྲིད་ཀྱི་ཞོར་དུ་ཁོ་མོས་སྔ་རྗེས་སུ་《སི་ཁྲོན་བོད་ཁུལ་གྱི་རིག་གནས་སྒྱུ་རྩལ།》དང་《རིགས་ཚོའི་མཉམ་འགུལ་དང་སྣ་མང་གསར་གཏོད།》(གཞན་དང་མཉམ་དུ་བརྩམས་པ་ཡིན། )《བོད་ཀྱི་ཀུན་སྤྱོད་ཞིབ་འཇུག》 《དེང་རབས་བོད་རིགས་རྩོམ་པ་པོའི་སེམས་ཀྱི་འགྲུལ་བཞུད།》 《དེང་རབས་བོད་རིགས་རྩོམ་པ་པོའི་སྐད་གཉིས་ཀྱི་གསར་རྩོམ་ཞིབ་འཇུག》 《བོད་ཀྱི་ལོ་རྒྱུས་གནད་བསྡུས།》 《 ཀན་ལྷོའི་དེང་རབས་རིག་གནས་པའི་མཚན་ཐོ།》བཅས་རིག་གཞུང་ཆེད་དེབ་བདུན་དང་། 《དེང་རབས་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་བདམས་དཔྱད།》དང་《བོད་ཀྱི་དེང་རབས་རྩོམ་རིག་གི་ངོ་སྤྲོད་དང་དགག་སྒྲུབ།》བཅས་བསླབ་དེབ་གཉིས་བརྩམས་གནང་མཛད། ཀྲུང་གོའི་དེང་རབས་རྩོམ་རིག་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་རིག་གི་དཔྱད་བརྗོད་མེད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་ལོ་རབས་བརྒྱད་ཅུའི་ནང་གི་བོད་ཀྱི་རྩོམ་སྟེགས་སྟེང་གྲུབ་འབྲས་འབུར་དུ་ཐོན་བའི་རྩོམ་པ་པོ་བཅུ་བདམས་ནས་དེ་དག་གི་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ། སློབ་ཁྲིད་དང་རྩོམ་རིག་ཞིབ་འཇུག་གི་ཞོར་དུ་ཁོ་མོས་རྙིང་མ་བའི་བསྟན་བཅོས་《ཀློང་ཆེན་རབ་འབྱམས་པའི་གྲུབ་མཐའ་མཛོད།》ལོ་ཙཱ་བྱས་པར་མ་ཟད། 《བོད་ལྗོངས་ཞིབ་འཇུག》དང་《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག》《ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》 《ཀྲུང་གོ་བོད་རིག་པ།》སོགས་རིག་གཞུང་དུས་དེབ་སྟེང་《ཨ་ལེ་དང་ཉེ་བར་བཅར་བ།》དང་《སྣ་མང་རིག་གནས་དང་བོད་ཀྱི་ཕ་སྐད་རྩོམ་རིག》 《དགག་སྒྲུབ་དང་བསྐྱར་བསྐྲུན།》 《<གཏམ་པད་མའི་ཚལ་གྱི་ཟློས་གར།>གྱིས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན།》 《བོད་ཀྱི་ཕ་སྐད་རྩོམ་རིག་གི་བསྐྱར་དཔྱད།》སོགས་རིག་གཞུང་དཔྱད་རྩོམ་40ལྷག་བཀོད། མིག་སྔར་རྒྱལ་ཁབ་སྤྱི་ཚོགས་ཐེབས་རྩའི་《དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ།》ཞེས་པའི་འགྲེལ་ཆེན་ལོ་ཙཱའི་ལས་གཞིར་གཙོ་སྐྱོང་གནང་བཞིན་ཡོད། ཁོ་མོས་སྔ་རྗེས་སུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་2ལ་ཟབ་ཞུགས་དང་ཞིང་ཆེན་རིམ་པའི་ལས་གཞི་ལྔར་ཟབ་ཞུགས་བྱས་ཤིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་དང་གྲངས་ཉུང་མི་རིགས་རྩོམ་རིག་དཔྱད་བརྗོད་ཀྱི་ཕུལ་བྱུང་བྱ་དགའ། སི་ཁྲོན་ཞིང་ཆེན་སློབ་གསོ་བཅོས་སྒྱུར་ལས་གཞིའི་ཨང་དང་པོའི་བྱ་དགའ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁྲིད་རྒྱུ་སྤུས་དཔྱད་བདམས་ཁྲོད་ཨང་གཉིས་པའི་བྱ་དགའ། སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་སོགས་ཀྱི་གཟེངས་བསྟོད་ཐོབ་པར་མ་ཟད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་སློབ་ཁྲིད་དགེ་རྒན་གྲགས་ཅན་དུའང་བདམས།
བོད་ལྗོངས་མངའ་རིས་ས་ཁུལ་དུ་རྟོག་ཞིབ་ལ་ཕེབས་པ།
德吉草在西藏阿里地区考察
དོན་དམ་གྱི་སློབ་གསོ་ནི་བརྩེ་བའི་སློབ་གསོ་ཡིན་ཏེ་སློབ་མ་ཚོར་ཚེ་སྲོག་ལ་གཅེས་ཤིང་རིག་གནས་རང་སྟེང་གི་མཛེས་པ་ཚོར་བ། མི་གཤིས་ཀྱི་གཏིང་རིམ་ན་བག་ལ་ཞ་བའི་དགེ་བ་མཐོང་དུ་འཇུག་པ་ནི་སློབ་གསོའི་ཆེས་མཐར་མཐུག་གི་དམིགས་ཡུལ་ཡིན་ཞེས་པ་ནི། དགེ་རྒན་བདེ་སྐྱིད་འཚོས་རང་ཉིད་ཀྱི་ལས་ཀར་བཟུང་བའི་རྣམ་འགྱུར་དང་སློབ་གསོའི་ངོས་འཛིན་ལགས། ཁོ་མོའི་གཏམ་སྤྱོད་ལས་ང་ཚོས་སློབ་གསོའི་དྲོད་ཁོལ་དེ་མྱོང་ཐུབ་ལ། བློ་སྤོབས་དང་དྲིན་ཚོར་གྱིས་བརྟས་པའི་སྟོབས་ཤུགས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་མྱོང་ཐུབ། གལ་ཏེ་མི་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་དང་ཕྱིར་རྟོག་གི་རྣམ་འགྱུར་གྱིས་རང་སེམས་ལ་བྱི་དོར་དང་རིག་གནས་རང་སྟེང་གི་བདེན་དགེ་མཛེས་གསུམ་ལ་ངོས་འཛིན་བྱ་ཐུབ་ཚེ་ང་ཚོ་རྒྱུ་མཚན་ཅིའི་ཕྱིར་ལམ་དུ་ཆས་པར་ལན་རྙེད་སྲིད། འདི་ནི་ཁོ་མོའི་སེམས་ཁོང་དུ་ཕུར་ཚུགས་སུ་གནས་པའི་དད་ཞེན་དང་ལངས་ཕྱོགས་དེའང་ཡིན་ཞིང་། འཚོ་བ་དང་རྩོམ་རིག་ལ་བཅངས་པའི་དད་ཞེན་འདིས་ཁོ་མོའི་རིན་ཐང་གི་ལྟ་བ་དང་རིག་གནས་ཀྱི་ལྟ་བ་མངོན་ཡོད་ངེས། ངའི་སྙིང་དུ་སྡུག་པའི་ཀློག་པ་པོ་ལགས། ང་ཚོས་དྲོད་ཁོལ་གྱིས་ཕྱུག་པའི་དད་ཞེན་འདི་དགེ་རྒན་བདེ་སྐྱིད་འཚོ་དང་གཏན་དུ་མི་འབྲལ་བའི་སྨོན་འདུན་ཞུ། །