<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>>ལས་འཕྲོས་པའི་གཏམ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22
ཚན་རྩལ་རིག་གནས་དང་དངོས་པོའི་དཔལ་ཡོན་གོང་དུ་འཕེལ་བ་དང་བསྟུན་ནས། མི་རྣམས་ཀྱི་མཛེས་དཔྱོད་ལྟ་བ་དང་རིན་ཐང་ལྟ་ཚུལ་ལ་ཡང་བལྟོས་བཅས་ཀྱིས་འགྱུར་ལྡོག་འབྱུང་མུས་སུ་མཆིས་ལ། ནང་སྒོས་སུ་དུས་རབས་ཉེར་གཅིག་པའི་སྒང་འདིར། གློག་བརྙན་ནི་མི་རྣམས་ཀྱི་མིག་གི་དགའ་སྟོན་དང་བསམ་པའི་ལོངས་སྤྱོད་གཙོ་བོ་ཞིག་ཏུ་གྱུར་པས། རྒྱལ་ཁབ་དང་མི་རིགས་སོ་སོས་རང་རང་གི་འཚོ་བའི་སྣང་ཚུལ་མཐའ་དག་ཐབས་ལམ་འདི་བརྒྱུད་ནས། གཞན་པར་ངོ་སྤྲོད་བྱ་ཅི་ཐུབ་བྱེད་བཞིན་མཆིས། འདི་ནི་གཅིག་ན་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་མཐུན་ལ། གཉིས་ནས་དུས་རབས་ཀྱི་དབང་གིས་རང་གི་རིག་གནས་མངོན་མཚོན་བྱེད་པའི་ཐབས་ལམ་གལ་འགངས་ཆེ་བ་ཞིག་གོ།
དང་པོ། རིག་གནས་ཀྱི་མཁའ་དབུགས་མཐུག་པ། མདོ་དབུས་མཐོ་གཞོང་སུ་འཚོ་ཞིང་གཞེས་པའི་བོད་མི་རིགས་ལ་གནའ་སྔ་མོ་ནས་རང་རིགས་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ངོ་མཚར་དཔལ་ཡོན་ཡོད་ལ། སྒོས་སུ་བོད་ཀྱི་ཆོས་ལུགས་དད་མོས་དང་། འཚོ་བའི་སྤྱོད་སྟངས་སོགས་མི་རིགས་གཞན་དང་བསྡུར་ན་གནམ་ས་ལྟ་བུའི་ཧེ་བག་དང་དང་གསང་བ་ལྐོག་གྱུར་གྱིས་ཀུན་ནས་ཕྱུག་པར་བརྟེན། མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་མི་རྣམས་ཀྱིས་བལྟས་ན་འགྲམ་ཆུ་ལྡང་ཞིང་། ཉན་ན་སྙན་དབང་གསོ་བའི་རིག་གནས་ཀྱིས་མཁའ་དབུགས་སྟུག་པོ་དེས་མཐོ་གཞོངས་ཀྱི་ལ་ལུང་ཡོངས་རྫོགས་ཁེངས་ནས་ཡོད། འདི་ནི་ང་ཚོའི་རྒྱབ་རྟེན་དང་། འཛམ་གླིང་ཡོངས་ལ་ངོམ་ཆོག་པའི་རིན་ཆེན་གཅེས་ནོར་ཡིན་པས། ང་ཚོས་རང་གི་གཅེས་ནོར་འདི་ལག་ཏུ་བཟུང་ནས་ཕྱིའི་རྒྱལ་ཁམས་ལ་ལྟད་མོར་འགྲོ་དུས། མི་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་ངེས་པ་ནི་གོར་མ་ཆག རྒྱུ་མཚན་ནི་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>>ལ་རྒྱ་ཆེའི་ལྟ་མཁན་དང་དཔྱད་གླེང་པ་ཚོས་དགའ་བསུ་ཐོབ་པ་ཡང་། གཙོ་བོ་ཁོའི་གློན་བརྙན་ནང་དུ་སྒང་པ་བོད་ཀྱི་ཆོས་ལུགས་དད་མོས་དང་། ཡུལ་སྲོལ་གོམས་འདྲིས། སེམས་ཀྱི་འདུན་པ་སོགས་འཚོ་བའི་སྣང་ཚུལ་མཐའ་དག་སྒྱུ་རྩལ་གྱི་ཐབས་ལམ་འདི་བརྒྱུད་ནས་ཚད་མཐོ་ཞིང་གཅིག་བསྡུས་ཀྱི་ལམ་ནས་མཚོན་པར་བྱས་ཡོད་པའི་རྐྱེན་གྱིས་ཡིན། འདི་ནི་གསེར་འོད་ལམ་ལམ་འཕྲོ་བའི་རིན་ཆེན་གཅེས་ནོར་ཞིག་གམ། ཡང་ན་མཚར་སྡུག་ཡོངས་སུ་བཞད་པའི་ཆུ་སྐྱེས་པད་མ་ཞིག་དང་འདྲ་སྟེ། ཀུན་གྱི་མིག་དབང་འཕྲོག་པའི་རྟེན་གཙོ་བོ་ཞིག་ཏུ་གྱུར་ནས་ཡོད། འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་མཐོ་གཞོངས་ཀྱི་གྲུ་ག་རེ་རེར་ནམ་ཡང་འདི་ལྟར་གསོན་པོར་གནས་ཤིང་། ལྷན་སྐྱེས་ཀྱི་དྲི་མ་མ་ཡལ་བའི་འཚོ་བའི་སྣང་ཚུལ་དག་སྒྱུ་རྩལ་གཡི་ཐབས་ལམ་གསར་བ་ཞིག་གི་ལམ་ནས་མི་རྣམས་ཀྱི་འདྲེན་བྱེད་ལམ་དུ་གཟིགས་མོར་བཤམས་ཏེ། ཐམས་ཅད་ལ་འབོད་སྐུལ་མང་དུ་བཏང་འདུག
གཉིས། འགལ་འདུ་ཤུགས་དྲག་པ། སྤྱིར་ཟློས་གར་ནི་ས་གནས་དང་། དུས་ཚོད་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་འཁྲབ་སྟོན་བྱེད་པའི་ཡན་ལག་བཞི་འདུས་ཀྱི་ཕུང་པོ་ཞིག་ཡིན་པས། ངེས་པར་དེའི་གར་སྟབས་རང་བཞིན་ལ་བསམ་གཞིག་ནན་མོ་བྱ་དགོས་ལ། ལྷག་པར་དུས་ཚོད་ཐུང་ཐུང་གི་ནང་གནས་ངེས་ཅན་ཞིག་ཏུ་གཏམ་རྒྱུད་ཅིག་མཇུག་རྫོགས་དགོས་ཚེ། ངེས་པར་འགལ་འདུ་ཤུགས་དྲག་པོ་མ་བྱུང་ན། དུས་ཡུན་ཐུང་ཐུང་ནང་མཐོ་རླབས་སུ་འཕགས་དཀའ་བ་རེད། དེ་བཞིན་དུ་གློག་བརྙན་ཡང་ཟློས་གར་གྱི་རྨང་གཞིའི་སྟེང་ནས་གསར་དུ་བྱུང་བའི་བུས་ཕྲུག་ལྟ་བུ་ཞིག་ཡིན་པས། སྒྱུ་རྩལ་མཚོན་སྟངས་ཀྱ་ཆ་ནས་བལྟོས་བཅས་ཀྱིས་འཕེལ་རྒྱས་ཆེན་པོ་ཡོད་ཀྱང་། སྔར་བཞིན་བཀག་རྒྱ་ངེས་ཅན་ཞིག་ལྡན་པར་བརྟེན། ངེས་པར་འགལ་འདུ་ཤུགས་དྲག་པོ་དགོས་པ་དེ་གློག་བརྙན་ལེགས་འགྲུབ་འབྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>>ཞེས་པའི་གློག་བརྙན་ནང་། འཛམ་གླིང་དཔལ་འབྱོར་གཅིག་འགྱུར་དང་། རིག་གནས་སྣ་མང་ཅན་དུ་འགྱུར་བའི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞི་བྱས་ཏེ། མི་རིགས་གང་ཞིག་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་བར་གྱི་འགལ་འདུ་དེ་ཇི་ལྟར་ཐག་གཅོད་བྱེད་པའི་སྐོར་གྱི་གནད་དོན་ལ་བསམ་གཞིག་མང་དུ་གནང་ཡོད། དཔེར་ན་སྲོལ་རྒྱུན་རིག་གནས་སམ་ཆོས་ལུགས་རིག་གནས་ཀྱི་མཁའ་དབུགས་སྟུག་པོའི་འོག་མི་ཚེའི་ལས་དབང་ལ་སྐྱ་ཐིག་འགོད་བཞིན་པའི་གྲྭ་བཙུན་ཆུང་ཆུང་དེ། ཚན་རྩལ་རིག་གནས་དང་དངོས་པོའི་དཔལ་ཡོན་གྱི་ཚབ་བྱེད་དུ་རྩི་འོས་པའི་གློག་བརྙན་ལ་བལྟ་རྒྱུ་དེ་བཀག་རྡོ་ལྟ་བུ་ཞིག་ཏུ་གྱུར། ཡིན་ནའང་ཁོ་སྐྱེས་སའི་གྲོང་སྡེ་ཆུང་ཆུང་ཐམས་ཅད་ཀྱིས་དགོན་པ་དང་རང་གི་འདུལ་ཁྲིམས་སྲུང་ནས་འདུག་པ་མ་གཏོགས། དོན་ལ་ཚང་མ་གློག་བརྙན་བལྟ་རྒྱུར་ཧ་ཅང་དགའ་བ་དེས། གནད་དོན་འདི་གྲྭ་བཙུན་ཆུང་ཆུང་ཁོ་གཅིག་པུའི་གནད་དོན་མ་ཡིན་པར། འདི་འདྲའི་ཁོར་ཡུག་ན་འཚོ་ཞིང་གཞེས་པའི་མི་རྣམས་ཀྱི་ཐུན་མོང་གི་བྱ་སྤྱོད་ཅིག་ཏུ་གྱུར་ནས་ཡོད་པ་ངང་གིས་ཤེས་ཐུབ་ལ། ཁྱད་པར་ཁོ་གློག་བརྙན་ལ་བལྟ་རྒྱུར་ཇི་ལྟར་དགའ་ཡང་། སྔར་བཞིན་དུས་ཚོད་ལྟར་ཚོགས་ལ་མི་ཞུགས་ཐབས་མེད་ཡིན་པ་དེ་རང་ངོ་། ཤུགས་དྲག་པའི་འགལ་འདུ་དེ་ལས་ང་ཚོར་སྦྱིན་འོངས་པ་ནི། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་དེ་དུས་རབས་གསར་བའི་ནང་ལ་ཇི་ལྟར་མཉམ་དུ་འཚོ་དགོས་པ་དང་། གསར་བ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་དང་། ། རྙིང་བ་ཐམས་ཅད་ལྷ་ཡི་ལུང་བསྟན་དུ་འཛིན་པའི་དུས་རབས་ཀྱི་བཀག་རྒྱ་ལས་ཡོངས་སུ་ཐར་ཏེ། ཇི་ལྟར་སྲོལ་རྒྱུན་རིག་གནས་མི་ཉམས་གོང་འཕེལ་དང་། དེང་རབས་རིག་གནས་ཀྱི་མཁའ་དབུགས་གསར་བ་འཇིབ་རྔུབ་བྱ་དགོས་པའི་སྐོར་གྱི་གནད་དོན་མང་པོ་ཞིག་འཁྲབ་ཁྲིད་པས་ང་ཚོའི་མིག་ལམ་དུ་བཀྲམ་ཞིང་། ཤུགས་དྲག་པའི་འགལ་འདུ་དེས་གློག་བརྙན་ཡོངས་ཀྱི་སྒྱུ་རྩལ་གྱི་རིན་ཐང་མཐོ་རུ་བཏེགས་ནས་ལྟད་མོ་པའི་མིག་དབང་འདྲེན་མུས་སུ་མཆིས། །
གསུམ་པ། འཚོ་བའི་བདེན་པ་མཐོང་བ། སྒྱུ་རྩལ་གྱི་བདེན་པས་དབེན་པའི་བརྩམས་ཆོས་ཅི་འདྲའི་ལེགས་པ་ཞིག་ཡིན་རུང་། དེས་ཀློག་པ་པོ་དང་ལྟད་མོ་པའི་ཡིད་ཀྱི་དང་བ་འདྲེན་ག་ལ་ཐུབ། དེ་བཞིན་དུ་དེ་ལྟ་བུའི་བརྩམས་ཆོས་ཤིག་ཏུ་བརྩི་མི་རུང་ལ། ལྷག་པར་གློག་བརྙན་ལྟབུར་མཚོན་ན། སྣང་བརྙན་རང་བཞིན་གྱི་ཐབས་ལམ་འདི་བརྒྱུད་ནས་སྒྱུ་རྩལ་མངོན་མཞོན་བྱེད་པའི་རིག་པ་ཞིག་ཡོད་པས་ན། སྣང་བརྙན་དེ་ཅི་འདྲའི་རྟོག་བཟོ་དང་སྒྲོ་བཏགས་ཀྱིས་བཏུམས་ཀྱང་། འཚོ་བའི་ཆོས་ཉིད་ལས་འདའ་མི་སྲིད་དེ། གལ་སྲིད་དེ་ལས་བརྒལ་ཚེ་སྒྱུ་རྩལ་གྱི་རིན་ཐང་དབེན་ཞིང་གསར་སྐྲུན་གྱི་ནུས་པས་སྟོང་། དེ་ལས་ལྡོག་སྟེ<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>>ཁྲོད་མོངན་པ་ནི། ཧ་ཅང་བབ་ཆགས་དང་ཆེས་རྒྱུན་ལྡན་གྱི་སྒོ་ནས་མདོ་དབུས་མཐོ་གཞོངས་ཀྱི་གནས་ག་གེ་མོ་ཞིག་ན་འཚོ་ཞིང་གནས་པའི་གྲྭ་བཙུན་ཆུང་ཆུང་ཞིག ཕ་ཡུལ་དུ་ལོ་སར་ལ་སོང་ནས་གློག་བརྙན་ལ་ལྟ་བའི་སྐབས་ཀྱི་སྣང་ཚུལ་སྣ་ཚོགས་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ཡོད། ང་ཚོ་ལ་སྦྱིན་འོངས་པ་ནི་ཅི་འདྲའི་སྙིང་ཉེ་ཞིང་། ཅི་འདྲའི་ཐག་ཉེ་བའི་འཚོ་བའི་བདེན་པ་སྟེ། འཁྲབ་ཁྲིད་པས་ཁ་བའི་ལྗོངས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་། འཚོ་བའི་སྣང་ཚུལ་མཐའ་དག་འདི་ལྟར་རིག་པ་ཐུན་མིན་ཞིག་གི་ལམ་ནས་མངོན་མཚོན་བྱས་ཡོད་པས། ད་གཟོད་སྒྱུ་རྩལ་གྱི་བདེན་པ་བྱུང་ཞིང་ལྟད་མོ་པའི་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་པའོ། །
བཞི་པ། འདུ་ཤེས་མངོན་མཚོན་བྱེད་པ། གློག་བརྙན་འདིའི་དགེ་མཚན་གཞན་ཞིག་ནི། འཁྲབ་ཁྲིད་པས་བློ་གྲོས་ཀྱི་མིག་རྣོན་པོ་དེ་ཆེས་ཕྲ་ཞིང་ཞིབ་པའི་འཚོ་བའི་ཟུར་སྣ་རེ་རེར་དྲངས་ནས། བསིལ་ལྡན་ཡུལ་གྱི་མི་རིགས་འདིའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་སོགས་མངོན་མཚོན་བྱེད་པ་སྟེ། དཔེར་ན། གྲྭ་བཙུན་ཆུང་ཆུང་དེ་ཕྱོར་ཕ་ཡུལ་དུ་ལོ་སར་ལ་སོང་ཞིང་། དགོང་མོར་ཨ་ནེ་དང་མཉམ་དུ་སྒོ་ཟོག་ལ་ལྟོ་ལྡུད་པའི་སྐབས་སུ། ཨ་ནེས། ཟོག་ལའང་རྣམ་ཤེས་ཡོད་པས། མི་དང་འདྲ་འདྲ་ཡིནཅེས་སྨྲས་པ་དང་། ཡང་གྲྭ་བཙུན་ཆུང་ཆུང་དེས་རང་གི་ཨ་ཁུའི་བཀའ་ལྟར་གྲྭ་པ་གཞན་པ་རྣམས་ཁྱིམ་དུ་བརྙན་འཕྲིན་ལ་བལྟ་བར་བོས་པའི་ལམ་དུ། ཅུང་ཙམ་མིན་ན་སར་འགྱེལ་བས། གྲྭ་པ་གཞན་པ་དེ་ཚོས“འདི་ནི་ཁྱོད་ཀྱི་སྔོན་ཆད་རྫུན་གཏམ་པའི་འབྲས་བུ་རེད། ’ཅེས་ཟེར་བ་ལྟ་བུའོ། ། ཕན་ཚུན་གྱི་ཁ་བརྡ་འདི་དག་གི་ཁྲོད་དུ་འཁྲབ་ཁྲིད་པས་ང་ཚོར་སྟོན་འདོན་པ་ནི། བོད་མི་རིགས་འདི་སྔ་མོ་ནས་བྱམས་དང་སྙིང་རྗེ་ཆེ་ཞིང་། མར་གྱུར་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། ལས་འབྲས་རང་ཐོག་ཏུ་སྨིན་པའི་རྒྱུ་འབྲས་ཀྱི་མིག་འོད་རྣོན་པོས། མི་ཚེའི་ལས་དབང་ལ་མནོ་བསམ་བགྱི་བའི་སྣང་ཚུལ་སྣ་ཚོགས་མངོན་སུམ་དུ་མཚོན་པར་བྱས་པས། དེ་ནི་མིག་གི་རྩེད་འཇོ་རྐྱང་རྐྱང་ཞིག་མ་ཡིན་པར། དེ་ལས་མཛེས་རྟོག་གི་འདུ་ཤེས་གསར་པ་ཞིག་མཚོན་འདུག་ལ། རྒྱལ་ཁབ་དང་མི་རིགས་གཞན་པའི་མི་དམངས་རྣམས་ཀྱི་ཅུང་ཆ་ཚང་བའི་སྒོ་ནས། བོད་མི་རིགས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུའང་གྱུར་ནས་ཡོད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1