( དེབ་གོང་མར་མཐུད། )
ཨུ་རྒྱན་པ་དང་རྒྱལ་བ་ཡང་དགོན་པ། །
བུ་སྟོན་ཆོས་རྗེ་འབྲུག་པ་པདྨ་དཀར། །
མི་བསྐྱོད་རྡོ་རྗེ་གཙུག་ལག་ཕྲེང་བའི་ཞབས། །
ཀོང་སྤྲུལ་ལ་སོགས་བཀའ་བརྒྱུད་མཁས་དབང་ཁྱུ། །
གསུམ་པ། ཤངས་པ་བཀའ་བརྒྱུད།
ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ་དང༌། སུ་ཁ་སིདྡྷི་རྣམ་པ་གཉིས། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་རྣམ་བཞི་སོགས་མཁས་གྲུབ་བརྒྱ་དང་ལྔ་བཅུའི་གདམས་ངག་ཐུགས་བཅུད་ཀྱི་ཆོས་མཛོད་མཛད། མཐར་ཐུག་ལྔ་ལྡན་ཞེས་པ་དེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བླངས།
འདིར་མཐར་ཐུག་ལྔ་ལྡན་ནི། གཏུམ་མོ་སྟོན་པའི་མཐར་ཐུག་དགྱེས་མཛད། ལས་རྒྱ་མཐར་ཐུག་བདེ་མཆོག སྒྱུ་ལུས་འོད་གསལ་མཐར་ཐུག་གསང་འདུས། རྨི་ལམ་མཐར་ཐུག་མ་ཧཱ་མཱ་ཡཿ ཕྲིན་ལས་མཐར་ཐུག་རྡོ་རྗེ་འཇིགས་མཛད་དེ་ཤངས་ལུགས་རྒྱུད་སྡེ་ལྔ་ཞེས་པ་དེ་ཡིན།
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི། སྤྱི་ལོ་1014པ་ཤིང་སྟག་ལོར་ཡབ་ཁྱུང་པོ་སྟག་སྐྱེས་ཞེས་པའི་སྲས་སུ་ཡུལ་སྙེ་མོར་སྐུ་འཁྲུངས། གཞོན་ནུའི་དུས་སུ་བོན་པོ་གཡུང་དྲུང་རྒྱལ་བ་ལས་བོན་བསླབས་པས་མཁས་པར་གྱུར། བོན་གྱི་སློབ་མ་མང་པོ་བྱུང༌། དེ་ནས་བོན་ལ་མ་མཉེས་ནས་རྙིང་མ་ལ་ཞུགས་ཏེ་རྫོགས་ཆེན་གསན་པས་མཁས་པར་གྱུར། སློབ་མ་མཐའ་ཡས་པ་འདུས། དེ་ཡང་སྤྱོད་པ་མ་ལེགས་པར་དགོངས་ནས་སྐོར་ནི་རུ་བ་ལས་ཨ་མན་སེའི་མན་ངག་གསན་ཞེས་མཁས་པའི་དགའ་སྟོན་ལས་གསུངས། དེ་ནས་རྒྱ་གར་དུ་ཕྱིན་ཏེ་སུ་མ་ཏི་ལས་ལོ་ཙཱ་བསླབས། རྒྱ་གར་དང་བལ་ཡུལ་སོགས་ཀྱི་མཁས་པ་མང་པོར་བསྟེན་ནས་མདོ་སྔགས་ཀྱི་རིག་གཞུང་མང་པོ་སྦྱངས། དེ་ལ་བརྟེན་ནས་བཤད་པ་དང་། རྩོད་པ། སྒྲུབ་པ་སྟེ་ལམ་རིམ་པ་གསུམ་ཀར་བརྟེན་ནས་ཕྲིན་ལས་ཀྱི་རྒྱུན་བབས་པ་ལས། ཕྱི་མ་སྒྲུབ་པའི་ལམ་རིམ་གྱི་སྙིང་པོ་དེང་གི་བར་དུ་ཡང་བཞུགས་པ་ནི། གསེར་ཆོས་རྩ་བར་གྱུར་པའི་ཆོས་སྐོར་ལྔ་ཞེས་པར། རྩ་བ་ནཱ་རོ་ཆོས་དྲུག སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཕྱུག་མེད་དང་ལྔ་ལ་ཟེར།
གདམས་ངག་རིང་བརྒྱུད་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སློབ་མ་སྔ་བུ་ལྔ་དང་ཕྱི་བུ་གཅིག་ཅེས་པ་སྟེ། དྲི་མེད་ཤེས་རབ་ཀྱི་སྡོང་པོ་རྨེའུ་སྟོན་པ། ཕན་སེམས་ཡལ་ག་གཡོར་པོ་རྒྱ་མོ་ཆེ། སྙིང་རྗེའི་ལོ་འདབ་རྔུལ་སྟོན་རིན་དབང༌། བྱམས་པའི་མེ་ཏོག་ལ་སྟོད་དཀོན་མཆོག་མཁར། འོད་གསལ་སྙིང་པོ་ཞང་སྒོམ་ཆོས་སེང་བཅས་ལྔ་དང༌། ཕྱི་བུ་གཅིག་ནི། སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པ་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་བཅས་དྲུག་ལ་ཟེར། དེ་ནས་རིམ་པ་བཞིན་དུ་དབོན་སྟོན་སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། འགྲོ་མགོན་སྟོན་པའི་བར་དུ་ཆིག་བརྒྱུད་དུ་བྱུང༌། དེ་ནས་རིན་ཆེན་བདུན་པར་གྲགས་པ་འགྲོ་མགོན་ཆོས་རྗེ་སྟོན་པས་རྡོ་རྗེ་འཆང་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ལྟར་ཆིག་བརྒྱུད་རྡོ་རྗེའི་རྒྱ་བཀྲོལ་ཏེ་སྐལ་ལྡན་སློབ་མའི་ཚོགས་ལ་གདམས་ངག་སྤེལ་བས་མཁས་གྲུབ་མང་པོ་བྱུང་བའི་ནང་ནས། མཁས་གྲུབ་རྣམ་གསུམ་དུ་གྲགས་པ། གཙང་མ་ཤངས་སྟོན་དང༌། བསམ་ལྡིང་པ་གཞོན་ནུ་གྲུབ། འཇག་ཆེན་རྒྱལ་མཚན་འབུམ་གསུམ་གྱིས་བརྒྱུད་པའི་རྐང་བཟུང་ཞིང་གདམས་ངག་རྣམས་ཡི་གེར་བཀོད་ནས་ཕྲིན་སྤེལ་ལོ།
གདམས་ངག་ཉེ་བརྒྱད་ནི། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་ཞལ་བསྟན་ཏེ་གསུངས་པའི་ཉེ་བརྒྱུད་རིམ་པ་གསུམ་བྱུང་བ་ནི། དང་པོ། གཙང་གི་རི་བོ་ཆེར་ནི་གུ་མ་དངོས་སུ་བྱོན་ཏེ། ཆོས་དྲུག་དང༌། ཕྱག་ཆེན། ལམ་ཁྱེར། འཆི་མེད། བླ་མ་མགོན་པོ་དབྱེར་མེད་རྣམས་ཀྱི་གདམས་ངག་གི་ཁྲིད་གནང༌། གཉིས་པ། མདོ་སྨད་སྲིན་རྫོང་ཤུག་སྡོང་གི་རྩ་བར་གོང་གསལ་ཆོས་དྲུག་སོགས་སོ་སོའི་དབང་ཐོབ། གསུམ་པ། མཁའ་སྤྱོད་ཀྱི་གདམས་པ་ཡི་གེ་མེད་པའི་བརྡ་ཐབས་སུ་བྱུང་བ་བཅས་བཀའ་བབས་སྔ་ཕྱི་བར་གསུམ་དུ་བྱུང་བ་དེ་དག་གྲུབ་ཆེན་ཐང་རྒྱལ་གྱི་སློབ་མ་མང་མཁར་བློ་གྲོས་རྒྱལ་མཚན་སོགས་ལས་སོ་སོར་བརྒྱུད་དེ་ད་ལྟའི་བར་བཀའ་བརྒྱུད་ཟམ་མ་ཆད་པར་བཞུགས་ཡོད་པ་རྣམས་སོ།
རྨོག་ལྕོགས་པ་དང་དབོན་སྟོན་སྐྱེར་སྒང་པ། །
གཙང་མ་ཤངས་སྟོན་བསམ་ལྡིང་གཞོན་ནུ་གྲུབ། །
ཐང་སྟོང་རྒྱལ་པོ་ཀུན་དགའ་གྲོལ་མཆོག་སོགས། །
ཤངས་བསྟན་ཉིན་མོར་བྱེད་པའི་མཁས་གྲུབ་སྡེ།།
ཆོས་རྒྱུད་འདིའི་གདན་ས་གཙོ་བོར།
① ཤངས་ཀྱི་ཞང་ཞུང་དགོན། རབ་བྱུང་དང་པོའི་ལྕགས་གླང་སྤྱི་ལོ་1061ལོར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཕྱག་བཏབ། དེང་བོད་རང་སྐྱོང་ལྗོངས་རྣམ་གླིང་རྫོང་ཁོངས་སུ་ཡོད།
② དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་སྒྲུབ་སྡེ། རབ་བྱུང་བཅུ་བཞི་པའི་ཆུ་སྟག་སྤྱི་ལོ་1842ལོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཕྱག་བཏབ། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།
ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་ཀྱི། །
ས་ལ་ས་ངོར་ཚར་གསུམ་དབྱེ། །
བཞི་པ། ས་སྐྱ་པ། ས་ལུགས་ཀྱི་གདམས་ངག་གཙོ་བོ་ལམ་སྐོར་དགུ་ཞེས་པ་ནི། གྲུབ་ཆེན་བི་རཱུ་པས་མཛད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་སྐོར་དང༌གཅིག གྲུབ་ཆེན་མཚོ་སྐྱེས་ཞབས་ཀྱིས་མཛད་པའི་རྩ་རྒྱུད་བརྟག་གཉིས་ལ་བརྟེན་ནས་བསྐྱེད་རྫོགས་ཀྱི་ལམ་སྐོར་དང་གཉིས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ལམ་སྐོར་དང་གསུམ། ཌོམྦི་པས་མཛད་པའི་བརྟག་གཉིས་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་ཀྱི་ལམ་སྐོར་དང་བཞི། ཨིནྡྲ་བོ་དྷིས་མཛད་པའི་རྒྱུད་ཡེ་ཤེས་ཐིག་ལེ་ལ་བརྟེན་ནས་ཕྱག་རྒྱའི་ལམ་སྐོར་དང་ལྔ། ཏོག་རྩེ་པས་མཛད་པའི་རྒྱུད་ཁ་སྦྱོར་ལ་བརྟེན་ནས་བསམ་མི་ཁྱབ་པའི་ལམ་སྐོར་དང་དྲུག ནག་པོ་བས་མཛད་པའི་བདེ་མཆོག་ལ་བརྟེན་ནས་ཨོལ་པ་ཏིའི་ལམ་སྐོར་དང་བདུན། ངག་གི་དབང་ཕྱུག་གིས་མཛད་པའི་གསང་འདུས་ལ་བརྟེན་ནས་ཕྱག་ཆེན་ཡི་གེ་མེད་པའི་ལམ་སྐོར་དང་བརྒྱད། ནག་པོ་འཆི་བ་མེད་པས་མཛད་པའི་མ་རྒྱུད་ལ་བརྟེན་ནས་ཡོན་པོ་སྲོང་བའི་ལམ་སྐོར་དང་དགུ་བཅས་སོ། དེ་ལྟར་ལམ་སྐོར་དགུ་པོའི་གདམས་ངག་དེ་བླ་ཆེན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་བབས་ཞེས་པར། འབྲོག་མི་ལོ་ཙཱ་བས་རྒྱ་གར་གྱི་སློབ་དཔོན་ག་ཡ་དྷ་ར་ལས་ལམ་སྐོར་དགུ་པོ་ཐམས་ཅད་ཞུས། དེ་ཡང་སློབ་དཔོན་ག་ཡ་དྷ་ར་བོད་དུ་ལན་གསུམ་ཕེབས་པའི་དང་པོའི་སྐབས་སུ་འབྲོག་མི་ལ་གདམས་ངག་ཡོངས་རྫོགས་གནང་བ་འདི་ནི་དགྱེས་རྡོར་མན་ངག་ལུགས་སུ་གྲགས་ཤིང༌། དེང་སང་འདི་ལ་ས་སྐྱའི་ལམ་འབྲས་ཞེས་ཡོངས་སུ་གྲགས། གོང་སྨོས་ཕྱི་མ་བརྒྱད་ལ་ལམ་འབྲས་ཕྱི་མ་ཞེས་གྲགས།
སྤྱིར་བླ་ཆེན་འབྲོག་མི་ལས་བརྒྱུད་པའི་ལམ་འབྲས་ཀྱི་གདམས་ངག་བརྒྱུད་ཚུལ་ནི། ལམ་འབྲས་ལུགས་སྲོལ་བཅོ་བརྒྱད་ཅེས་གྲགས་པར་བྱུང་ཡང་དེ་ལས་ཁྱད་པར་དུ་ས་ངོར་ཚར་གསུམ་གྱི་བརྒྱུད་ཚུལ་ནི།
1. ས་ལུགས། ཐོག་མར་འཁོན་དཀོན་མཆོག་རྒྱལ་པོའི་གདུང་སྲས་ས་ཆེན་ཀུན་དགའ་སྙིང་པོས་ལོ་ཙཱ་བ་ཆེན་པོ་བཞི་ལས་གདམས་ངག་ཞུས་པ་ནི། འབྲོག་མི་ལོ་ཙཱ་བ་ལས་ཀྱཻ་རྡོར་རྒྱུད་གསུམ། མར་པ་ལོ་ཙཱ་བ་ལས་བརྒྱུད་པའི་བདེ་མཆོག ལོ་ཆེན་རིན་བཟང་ལས་བརྒྱུད་པའི་ཡོ་ག་མགོན་པོ། བ་རི་ལོ་ཙཱ་བ་ལས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩ་བཅས་ཀྱི་གདམས་པའི་བཀའ་བབས་པ་དང་དེ་རྣམས་ཞུས་པ། དེ་ལས་རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་རིམ་གྱིས་བརྒྱུད་པ་ནི་ལམ་འབྲས་སྦས་བཤད་ཉེ་བརྒྱུད་ཀྱི་བརྒྱུད་པ་ཡིན།
2. ངོར་ལུགས། ས་ལུགས་ཚོགས་བཤད་ནི། གྲུབ་ཆེན་བུདྡྷ་ཤྲཱི་ལས་ངོར་ཆེན་ཀུན་དགའ་བཟང་པོས་གསན་ནས་ཆོས་བརྒྱུད་སྤེལ་བ་ལ་ངོར་ལུགས་དང༌། སྔགས་འཆང་གཟུངས་ཀྱི་དཔལ་བ་ལས་བརྒྱུད་པའི་ལམ་འབྲས་ཚོགས་བཤད་ལ་རྫོང་ལུགས། རྫོང་པ་ཀུན་དགའ་རྣམ་རྒྱལ་གྱིས་གངས་དཀར་ཆོས་སྡེ་རུ་དེའི་ཆོས་བརྒྱུད་སྤེལ་བ་ལ་གངས་དཀར་ལུགས་ཞེས་ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་མཁས་པ་དུ་མས་བསྔགས་བརྗོད་མཛད་པ་དེའོ།
3. ཚར་ལུགས། ལམ་འབྲས་སློབ་བཤད་ནི། ཚར་ཆེན་བློ་གསལ་རྒྱ་མཚོས་ཚར་ལུགས་སློབ་བཤད་ཅེས་པའི་སྲོལ་ཟུར་དུ་ཕྱེས། ཐུགས་སྲས་ཉི་མ་ལྟ་བུ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང༌། ཟླ་བ་ལྟ་བུ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་བྱོན་ནས་ས་ལུགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པས། དཔལ་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཉམས་ལེན་གྱི་ཕྲིན་ལས་དེ་དབྱར་གྱི་མཚོ་ལྟར་རྒྱས་པར་བྱུང་ཡོད།
རེད་མདའ་བ་དང་གཡག་ཕྲུག་སངས་རྒྱས་པ། །
ཀླུ་སྒྲུབ་རྒྱ་མཚོ་རོང་སྟོན་ཆེན་མོའི་ཞབས། །
གོ་བོ་རབ་འབྱམས་འཇམ་དབྱངས་མཁྱེན་བརྩེ་སོགས། །
ས་སྐྱའི་བསྟན་པ་འཛིན་པའི་མཁས་གྲུབ་སྡེ། །
གདན་ས་གཙོ་བོ་ས་ངོར་ཚར་གསུམ་ནི།
① ས་སྐྱ་དགོན། རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་1073ལོར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ། ད་ལྟ་བོད་རང་སྐྱོང་ལྗོངས་ས་སྐྱ་རྫོང་ཁོངས་སུ་ཡོད།
② ངོར་དགོན། མིང་གཞན་ངོར་ཨེ་ཝཾ་ཆོས་སྡེ་ཡང་ཟེར། རབ་བྱུང་བདུན་པའི་ས་བྱ་སྤྱི་ལོ་1429ལོར་ངོར་ཆེན་ཀུན་དགའ་བཟང་པོས་ཕྱག་བཏབ། དེང་དུས་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁོངས་སུ་ཡོད།
③ འཕན་ཡུལ་ན་ལེནྡྲ། རབ་བྱུང་བདུན་པའི་མེ་འབྲུག་སྤྱི་ལོ་1436ལོར་རོང་སྟོན་སྨྲ་བའི་སེང་གེས་ཕྱག་བཏབ། ད་ལྟ་བོད་རང་སྐྱོང་ལྗོངས་འཕན་པོ་རྫོང་ཁོངས་སུ་ཡོད། ཚར་ཆེན་གྱི་གདན་ས་འཕེལ་རྒྱས་མ་བྱུང་ཞིང་། དེང་དུས་དེའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་གཙོ་བོ་འདི་ཡིན།
ལྔ་པ། ཞི་བྱེད་དང་གཅོད་ཡུལ་བ། ཞི་བྱེད་པའི་གདམས་ངག་བོད་དུ་དྲངས་མཁན་ནི་ཕ་དམ་པ་སངས་རྒྱས་ཡིན་ཞིང་། བོད་དང་རྒྱ་ནག་བཅས་ལ་ལན་ལྔ་ཕེབས་པར་གྲགས་པར་ཐེངས་དང་པོ་རབ་བྱུང་དང་པོའི་མེ་ལུག་སྤྱི་ལོ་1067ལོར་འབྲིང་ཐང་ལས་སྒོ་ནས་ཙ་རིར་ཐོན། མདོ་ཁམས་ཀུན་ཞབས་ཀྱིས་བཅག་པས་བསྟན་པ་དར་བར་ལུང་བསྟན། ཐེངས་གཉིས་པ་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་1073ལོར་ཁ་ཆེ་ནས་ཐོན་ཏེ་མངའ་རིས་སུ་བྱོན། ཞང་ཞུང་གླིང་ཁ་པ་དང༌། བོན་པོ་ཁྲོ་ཚང་འབྲུག་ལྷ་རྗེས་སུ་བཟུང༌། ཐེངས་གསུམ་པ་རབ་བྱུང་གཉིས་པའི་ས་སྦྲུལ་སྤྱི་ལོ་1089ལོར་བལ་པོ་ནས་གཙང་དུ་བྱོན། ཡར་ཀླུང་སྨ་ར་སེར་པོ་དང༌། སྐྱོ་སྟོན་བསོད་ནམས་བླ་མ་བཅས་ལ་གདམས་པ་གནང༌། ཐེངས་བཞི་པ་རབ་བྱུང་གཉིས་པའི་མེ་གླང་སྤྱི་ལོ་1097ལོར་ཤ་འུག་ལྟག་སྒོ་ནས་གཉལ་དུ་བྱོན་ཏེ་ཡུམ་གྱི་སྒྲིབ་པ་སྦྱངས། དབུས་སུ་ཕེབས་ནས་རྨ་སོ་ཀམ་གསུམ་ལ་གདམས་ངག་གནང། རབ་བྱུང་གཉིས་པའི་ལྕགས་སྦྲུལ་སྤྱི་ལོ་1101ལོར་རྒྱ་ནག་ཏུ་བྱོན། ལོ་བཅུ་གཉིས་བཞུགས། ཐེངས་ལྔ་པ་རབ་བྱུང་གཉིས་པའི་ཆུ་སྦྲུལ་སྤྱི་ལོ་1113ལོར་སླར་དིང་རིར་ཕེབས། མཁྱུད་དཔྱད་དཀར་ནག་ཁྲ་གསུམ་སོགས་མཛད་པ་སྐབས་དེར་འཆད་མཉན་གྱི་དུས་མ་བབ་པར་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་གཏེར་ལ་སྦས། གཙོ་བོར་གཞུང་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་དང༌། ཕྱག་རྒྱ་ཆེན་པོའི་བརྡ་རྒྱུད་སོགས་ལ་བརྟེན་ནས་འགྲོ་དོན་མཛད། སྤྱི་ལོ་1117པ་རབ་བྱུང་གཉིས་པའི་མེ་བྱ་ལོར་སྟོད་དིང་རི་དགོན་དུ་སྐུ་གཤེགས།
དེའང་ཆོས་གཞན་ནི་རྒྱུ་ཉོན་མོངས་པ་སྔོན་ལ་སྦྱོང༌། སྡུག་བསྔལ་ཤུགས་ལས་ཟློག་པ་ཡིན་ལ། འདི་ནི་འབྲས་བུ་སྡུག་བསྔལ་དངོས་སུ་སྦྱོང༌། ཤུགས་ལས་ཉོན་མོངས་པ་དྲུང་ནས་འབྱིན་པའི་ཐབས་ཤིན་ཏུ་ཟབ་པ་སྟེ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་པའི་ལུང་ལ་བརྟེན་ནས་བཏགས་པར་བཞེད་དོ།
གཅོད་ཡུལ་བ་ནི། མ་གཅིག་ལབ་ཀྱི་སྒྲོན་མས་ཤེར་ཕྱིན་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་སྐྱེས། དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་རང་བཞིན་གྱི་རྣལ་འབྱོར་མར་གྱུར་པ་དེས། ཤེར་ཕྱིན་གྱི་དགོངས་དོན་ལ་གཞིར་བཟུང་ནས། རང་གི་དགོངས་ཉམས་ལས་འཁྲུངས་པའི་རྟོགས་ཆོས་གཅོད་ཡུལ་བ་ཞེས་ཡོངས་སུ་གྲགས་པའི་སྲོལ་ཕྱེས། «བཀའ་ཚོམ་ཆེན་མ།» དང༌། «ཡང་ཚོམ་ལེའུ་ཉེར་ལྔ་པ།» ཐུན་མོང་ཐུན་མིན་ཁྱད་པར་གྱི་ལེའུ་ཡན་ལག་བརྒྱུད་གསུམ་ཉེར་བཞི་པ་སོགས་གཞུང་དང་གདམས་ངག་མང་པོ་མཛད་པ་ལ་མོ་གཅོད་ཅེས་ཟེར།
མ་གཅིག་ལབ་སྒྲོན་ནི། རབ་བྱུང་དང་པོའི་ཤིང་ལུག་སྤྱི་ལོ་1055ལོར་སྐུ་འཁྲུངས། རང་ལོ་བཅུ་དྲུག་སོན་པ་དང་དགེ་བཤེས་ཀྱི་བཀའ་བཞིན་གྲྭ་ཐང་དུ་གྲྭ་པ་མངོན་ཤེས་ཅན་གྱི་སློབ་ཚོགས་སྐྱོང་བའི་གྲལ་དུ་བཏང༌། ལབ་སྒྲོན་ཀློག་ལ་ཧ་ཅང་མཁས་པས་གྲྭ་མངོན་གྱིས་ལབ་སྒྲོན་སྣོད་ལྡན་དུ་གཟིགས་ནས་འབུམ་དང༌། ཉི་ཁྲི། བརྒྱད་སྟོང་པ་སོགས་ཀློག་བཅུག དེ་ནས་རབ་ཏུ་བྱུང༌། དགུང་ལོ་ཉེར་གསུམ་པ་སྤྱི་ལོ་1077ལོར་ལན་གཅིག་འདམ་བུ་དབྱེ་ཆུང་དུ་བླ་མ་གྲྭ་མངོན་པའི་ཡོན་བདག་ལྷ་མོ་སྒྲོན་བྱ་བའི་ནང་དུ་ཀློག་ལ་ཕེབས་པའི་སྐབས་སུ་ཐོད་པ་བྷ་དྲ་བཞུགས་པ་དང་འཕྲད། དེར་འདུས་པས་བཟའ་མིར་སོང༌། དེ་ནས་མི་ཁ་གཡོ་བའི་ཆེད་དུ་དབུས་ནས་ཐོན་ཏེ་ཀོང་པོ་དང་། དྭགས་པོའི་ཡུལ་དུ་ལོ་ཤས་བཞུགས་ཏེ་སྲས་དང་སྲས་མོ་གསུམ་འཁྲུངས། དགུང་ལོ་སོ་བདུན་པ་སྤྱི་ལོ་1091པ་ལྕགས་ལུག་ལོར་ཟངས་རི་མཁར་དམར་དུ་ཕེབས་ནས་གདན་ས་བཏབ། དགུང་ལོ་བཞི་བཅུ་པའི་སྐབས་སུ་མ་གཅིག་ལབ་སྒྲོན་ཞེས་མཚན་སྙན་བོད་ཁམས་ཡོངས་ལ་ཁྱབ། དེ་ལྟར་མ་གཅིག་གིས་སྐུ་ཚེ་ཧྲིལ་པོར་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླངས་ནས་དགུང་ལོ་གོ་དགུ་པ་རབ་བྱུང་གསུམ་པའི་ཆུ་བྱ་སྤྱི་ལོ་1153ལོར་སྐུ་གཤེགས།
དེ་ནས་གཅོད་ཡུལ་བའི་གདམས་ངག་གཙོ་བོར་འཛིན་མཁན་ནི། ཀརྨ་པ་དེ་བཞིན་གཤེགས་པའི་སློབ་མ་དྲུང་རྨ་སེར་བློ་གྲོས་རིན་ཆེན་ལས་བརྒྱུད་པའི་གཅོད་ཚོགས་ཡོན་ཏན་ཀུན་འབྱུང་ལ་ཟུར་ལུགས་ཀྱི་གཅོད་དང༌། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་ཐུགས་སྲས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཀར་གཅོད་རིན་ཆེན་ཕྲེང་བ་བརྩམས་ནས་ཉམས་ལེན་གྱི་རྒྱུན་སྤེལ་བ་ལ་ཀར་གཅོད་དང་། རྗེ་བཙུན་སྐྱ་སེ་རྟོགས་ལྡན་གྱིས་གཅོད་ཀྱི་ཚོགས་ལས་མུ་ཏིག་ཕྲེང་བ་བརྩམས་ཏེ་ཉམས་ལེན་དར་སྤེལ་གནང་བ་ལ་སྐྱ་ཆེའི་གཅོད་རྒྱུན་ཞེས་པ་འདི་དག་བྱུང་ཡོད། །