ཤར་པའི་བྱམས་གླུ། དམིགས་གསལ་གྱི་དམངས་ཁྲོད་གླུ་གཞས།

ཁྱུང་མཁར་བཀྲ་ཤིས་དོན་འགྲུབ། བློ་བཟང་དོན་གྲུབ་ཀྱིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-14


        ཤར་པ་ནི་ཡུལ་སྡེ་འགའ་ལ་དབང་བའི་ཐུན་མོང་གི་ས་མིང་ཞིག་ཡིན་ལ། དེང་སང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་ཀོང་རྩེད་ར་དང་། ཐང་སྟེང་། བྲག་ཞབས། སེམས་ཀྱི་ཉི་ཟླ་རྫོང་གི་ཕྱོགས་ལྔ་དང་ཉི་ཤར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་རོང་རྫོང་གི་ལྕང་དཀར་སྟེང་བཅས་གྲོང་སྡེ་དྲུག་གི་སྤྱི་མིང་ཡིན། ངག་རྒྱུན་དུ་ཉི་མ་དང་ཐོག་ཤར་བས་ཤར་པ་ཞེས་བཤད་སྲོལ་ཡོད་ལ་ཉི་མ་ཤར་བ་དང་ཡུལ་སྡེ་རུ་ཕོག་ཐུབ་པའི་དོན་ཡིན་ཞེས་རྒན་པོ་ཚོས་བཤད།

        བྱམས་གླུ་ཞེས་པ་ནི་ཡུལ་སྡེ་དེ་དག་ཏུ་ཁྱབ་པའི་གླུ་གཞས་དམིགས་གསལ་ཅན་ཞིག་ཡིན་ལ་མང་ཆེ་བ་ཕོ་མོའི་བརྩེ་དུང་སྐོར་གྱི་གླུ་དང་གཞས་ཡིན་པས་བྱམས་གླུ་ཞེས་གནའ་ནས་གྲགས། གླུ་གཞས་འདི་རིགས་གོང་དུ་བཀོད་པའི་ཡུལ་སྡེ་དྲུག་པོ་ལས་གཞན་དུ་འཆམ་སྲོལ་མེད་པས་ཤར་པའི་བྱམས་གླུ་ཞེས་མིང་ཆགས་སོང་།

        ཤར་པའི་བྱམས་གླུ་ནི་གླིང་རྗེ་གེ་སར་རྒྱལ་པོའི་མངའ་འོག་གི་དམག་དཔོན་ཞིག་སྟེ་དྲག་སྔགས་ཨ་བོ་ཞེས་པ་དེས་གསར་གཏོད་བྱས་པར་གྲགས། བཤད་སྲོལ་ལ་དྲག་སྔགས་ཨ་བོ་གེ་སར་དང་བསྡེབས་ཏེ་འཇང་ཡུལ་དུ་དམག་ལ་འགྲོ་དུས་ཤར་པའི་ཡུལ་བརྒྱུད་སྐབས། གཞས་དེ་མགྱོགས་ཆེ་བ་དང་བྲོ་ནི་དལ་ཆེ་བས་མཚམས་ཚིགས་དལ་ཡང་མི་དལ་ལ་མགྱོགས་ཀྱང་མི་མགྱོགས་པའི་བྱམས་གླུ་ཁག་བདུན་ཅུ་དོན་གཅིག་གསར་དུ་བཟོས་ཏེེ་ཡུལ་སྡེ་དེ་རུ་ཁྱབ་གདལ་བྱས་པར་གྲགས།


ཤར་པའི་བྱམས་གླུའི་རྒྱུད་འཛིན་པ་ནགས་མི་གྲགས་དང་པ་སངས་རྣམ་གཉིས།
筛巴学鲁传承人那米扎和巴桑

        དེང་སང་དར་བའི་ཤར་པའི་བྱམས་གླུ་རུ་བྱམས་བརྡ་དང་། བྱམས་འཆམ། ཡར་ལ་བྱོན། རྨོས་སྐད། གྲོ་གླུ་བརྒྱབ། ཡུར་སྐད། འོ་བརྒྱབ། མཚར་གླུ་སོགས་གདངས་རིགས་མི་འདྲ་བ་ཡོད་ལ། ལངས་འཆམ་དང་། གླུ་འཆམ། བཞུགས་འཆམ། ཉལ་འཆམ་བཅས་རྣམ་པ་བཞི་ཡི་སྒོ་ནས་འཆམ་སྲོལ་འདུག

ལངས་འཁྲབ་ནི་ཕལ་ཆེར་གླུ་ཤགས་ཀྱི་ཚུལ་ཡིན་ལ། ཕོ་མོ་ཕན་ཚུན་ལས་ཀ་ལས་ཞོར་གླུ་ལེན་རེས་བྱེད་པའི་རྣམ་པ་ཞིག་ལས་གཞས་ར་རུ་དངོས་སུ་བྱམས་གླུ་འཆམ་པ་མིན།

གནའ་ཉམས་དོད་ཅིང་བབ་ཆགས་པའི་ཤར་པའི་བྱམས་གླུ་སེམས་ཀྱི་ཉི་ཟླའི་རྡོ་མཁར་གྲོང་དུ་འཁྲབ་སྟོན་བྱེད་བཞིན་པ།
古朴的筛巴学鲁在香格里拉独克宗古城月光广场进行表演

        གླུ་འཆམ་ཞེས་པ་ནི་གྲོས་ཆད་བྱས་ཏེ་གྲོང་སྡེ་གཞན་པའམ་སྡེ་བ་གཅིག་པའི་ཕོ་མོ་ན་གཞོན་ཚོ་གཞས་ར་རུ་འཛོམས་ནས་བྱམས་གླུ་འཆམ་པའི་རིགས་ཅིག་རེད། གླུ་འཆམ་བྱེད་དུས་ཕོ་མོ་ཁག་གཉིས་སུ་བགོས་ཏེ་གླུ་ཤགས་དང་མཉམ་དུ་རྡོག་བྲོའང་བརྒྱབ་དགོས་ཤིིང། རང་གི་སྙན་པའི་ངག་དང་མཛེས་པའི་སྟངས་སྟབས་ལ་བརྟེན་ནས་ཕ་རོལ་པོའི་ཡིད་སེམས་འགུག་ནུས་དགོས།


       སྐྱེས་པ་ཚོས་ཤར་པའི་བྱམས་གླུ་འཁྲབ་བཞིན་པ།
蓝天白云下,筛巴男人的学鲁舞踏热草甸

 བཞུགས་འཆམ་ནི་མིང་དོན་མཚུངས་ཤིིང་གཞས་ར་རུ་བྱམས་གླུ་འཆམ་མཚམས་བཞག་རྗེས་ཕན་ཚུན་བློར་བབས་པའི་ཕོ་མོ་ཚོ་མེ་ལྕེམ་དུ་བསྡད་དེ་སྐད་ཆུང་ངུས་གླུ་ཤགས་ལེན་རེས་བྱེད་ཅིང་སྙིང་གཏམ་བཤད་རེས་བྱེད་པའོ། །


                                                                                        ཤར་པའི་བྱམས་གླུ་འཁྲབ་པར་གྲོང་སྡེ་གཞན་པའི་གཞས་པ་བསུ་བཞིན་པ།

                                                                             筛巴学鲁舞会开始前,村里的姑娘迎接外村舞

        ཉལ་འཆམ་ཞེས་པ་ནི་ཕོ་མོ་གཉིས་ཀྱི་བར་དགའ་རོགས་ཀྱི་འབྲེལ་བ་གཏན་འབེབས་བྱས་རྗེས་གྲོང་འགོ་གྲོང་མཇུག་གི་སྤྱིལ་ཆུང་དུ་ཕན་ཚུན་བྱམས་གླུ་ལེན་རེས་བྱེད་པའི་རྣམ་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་པའི་བྱམས་གླུ་རུ་ཚོགས།
居住在香格里拉市城区的筛巴老乡自发组织的筛巴学鲁队成员合影

        སྤྱིར་བོད་ཀྱི་ཡུལ་གྲུ་ས་ཁམས་རྒྱ་ཆེ་བས་ལུང་པ་རེ་ལ་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཡོད་པ་ནི་ཧ་ལས་རྒྱུ་ཅི་མེད་ཀྱང་། ཤར་པའི་བྱམས་གླུ་ནི་དམིགས་སུ་ཐོན་པའི་གླུ་གཞས་ཀྱི་རྣམ་པ་དང་དར་ཁྱབ་ཡུལ་ཁུལ་ཆུང་བས་དེང་སང་ཡང་མི་མང་པོས་མི་ཤེས་ནས་ལུས་ཡོད།


ཤར་པའི་བུད་མེད་ཀྱི་གོས་རྒྱན།
筛巴服饰



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1