མེ་ཏོག་གི་རྒྱལ་ཁབ།མ་ལེ་ཞི་ཡ།

ཚེ་དཔལ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-17


མ་ལེ་ཞི་ཡ་མཉམ་འབྲེལ་རྒྱལ་ཕྲན་ཏེ་བསྡུས་མིང་ལ་མ་ལེ་ཞི་ཡ་ཞེས་འབོད་པ་ནི་ཨེ་ཤེ་ཡའི་ཤར་ལྷོ་ས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་ལ། ལྷོ་མཚོའི་ཐུན་མོང་མ་ཡིན་པའི་ས་དབྱིབས་ཀྱིས་མ་ལེ་ཞི་ཡ་ཤར་ནུབ་གཉིས་སུ་ཕྱེས། མ་ལེའི་ཕྱེད་གླིང་ན་གནས་པའི་མ་ལེ་ཞི་ཡ་ནུབ་ནི་བྱང་འབར་མ་དང་སེང་ག་ཕོར་དང་འབྲེལ་ཞིང་། ཕོའོ་ལོའོ་གླིང་ཕྲན་གྱི་བྱང་ཕྱོགས་སུ་གནས་པའི་མ་ལེ་ཞི་ཡ་ཤར་ནི་ཧི་རྡུ་ཉི་ཞི་ཡ་དང་འབྲེལ། འཛམ་གླིང་གསར་དར་ཚོང་རའི་དཔལ་འབྱོར་མ་ལག་གྲུབ་པའི་མ་ལེ་ཞི་ཡ་ནི་འཕེལ་རྒྱས་ཀྱི་གོམ་འགྲོས་ཅུང་མགྱོགས་པའི་རིག་གནས་སྣ་མང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ལ། མ་ལེ་ཞི་ཡའི་ཡུལ་སྐོར་དང་རིག་གནས་ཞབས་ཞུའི་ལས་རིགས་འཛམ་གླིང་སྔོན་གྲས་སུ་ཚུད་ཡོད།

མ་ལེ་ཞི་ཡ་ནི་སའི་གོ་ལའི་ཐིག་དམར་དང་ཉེ་བས་དུས་བཞིའི་དབྱེ་མཚམས་མི་གསལ་ཞིང་ཞོགས་པ་དང་ས་སྲོད་ཀྱི་ཚ་གྲང་ལ་བར་ཁྱད་ཆེན་པོ་མེད། མ་ལེ་ཞི་ཡའི་གནམ་གཤིས་ཚ་རྒྱུད་ནགས་ཆར་དང་ཚ་རྒྱུད་དུས་རླུང་གི་ཁོངས་སུ་གཏོགས་ལ། ལོ་ཧྲིལ་པོའི་ཆར་བ་འབབ་ཚད་མང་ཞིང་ཆ་སྙོམས་ཀྱི་དྲོད་གྲངས་26~30℃ཡིན།


གསེར་ཟངས་ལས་གྲུབ་པའི་ཧིན་རྡུ་ཆོས་ལུགས་ཀྱི་སྐུ་རྟེན། ཤེས་བྱས་པར་མཁོ་འདོན་བྱས།
        黑风洞前的镀金印度大佛 图 / 西夏提供

འཛམ་གླིང་ན་མིང་དུ་གྲགས་པའི་མཆོད་རྟེན་མཚེ་མ་ལ་མཛེས་ལྗོངས་ཉམས་སུ་མྱོང་བ་དང་འཕྲིན་གཏོང་གི་ནུས་པ་ཡོད། མཆོད་རྟེན་མཚེ་མའི་བཟོ་བཀོད་ནི་ཡ་གླིང་གི་ཆེས་མཐོ་བའི་ཐོག་ཁང་ཡིན་ལ། སྤྱིའི་མཐོ་ཚད་ལ་སྨི་446ཡོད། སྤྲིན་རིམ་བརྟོལ་ནས་དགུང་དུ་ཟུག་པའི་ཐོག་ཁང་འདི་གཉིས་ནི་མ་ལེ་ཞི་ཡའི་མཛེས་ལྗོངས་ཁྱད་པར་ཅན་ཞིག་ཏུ་གྱུར་འདུག མཆོད་རྟེན་མཚེ་མ་ནི་མ་ལེ་ཞི་ཡའི་རྒྱལ་སར་གྲགས་པའི་ཅི་ལོན་ཕོའོ་རུ་གནས་ལ། ཅིན་ལོན་ཕོའོ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་243ཡོད། ཅི་ལོན་པོའོ་ནི་མི་རིགས་མང་པོ་དང་ཆོས་ལུགས་མང་པོའི་བསྡུས་གཟུགས་སུ་གྲུབ་ཅིང་དུས་རབས་གསར་རྙིང་གཉིས་ཀྱི་འབྲེལ་མཚམས་ན་གནས་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན། གྲོང་ཁྱེར་འདིའི་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་གཙོ་བོ་གྲོང་ཁྱེར་འདིའི་ཐུན་མོང་མ་ཡིན་པའི་བཟོ་བཀོད་ཀྱི་སྟེང་ན་མངོན་ཡོད།

ཀ་ལ་ཏ་ཧན་རྒྱལ་ཁབ་སྤྱི་གླིང་ནི་མ་ལེ་ཞི་ཡིའི་མིང་དུ་གྲགས་པའི་སྤྱི་གླིང་ཆེན་པོ་ཞིག་ཡིན། ཡིད་ཀྱི་དང་བ་འདྲེན་པའི་རང་བྱུང་མཛེས་ལྗོངས་ཀྱི་བཀོད་པ་ཁྱད་མཚར་ཅན་དང་། བག་ཡངས་སུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་དག་གིས་རྒྱལ་ཕྱིའི་ལྗོངས་རྒྱུ་བ་མང་པོ་ཞིག་ལ་འཆར་ཡན་གྱིས་ཕྱུག་པའི་ངལ་གསོའི་གོ་སྐབས་བཟང་བོ་ཞིག་བསྐྲུན།

མ་ལེ་ཞི་ཡ་ནི་སངས་རྒྱས་ཆོས་ལུགས་ཀྱི་མཁའ་དབུགས་ཆེས་ཆེར་སྟུག་པའི་རྒྱལ་ཁབ་ཅིག་ཡིན། འབྲེལ་ཡོད་ཡིག་ཆ་ལྟར་ན་ནང་ཆོས་དུས་རབས་གཉིས་པའི་སྐབས་སུ་ཚོང་ལས་བརྒྱུད་དེ་མ་ལེ་ཞི་ཡར་དར་མགོ་བརྩམས་ཡོད་ལ། ད་ལྟ་ཡང་མ་ལེ་ཞི་ཡའི་མཚོ་ཁའི་གྲུ་ལམ་དག་གི་མིང་སྔར་བཞིན་གནའ་བོའི་རྒྱ་གར་གྱི་སྐད་སོར་བཞག་བྱས་ཡོད་པ་ལས་ཀྱང་ལོ་རྒྱུས་ཀྱི་གསང་བའི་ཟུར་ཞིག་རྟོགས་ཐུབ་པར་སྙམ། ལོ་རྒྱུས་སྨྲ་བ་དག་གིས་མ་ལེ་ཞི་ཡར་ནང་ཆོས་དར་བར་རྒྱུ་རྐྱེན་གསུམ་ཡོད་པར་བཞེད་དེ། གཅིག་ནི་ཀྲུང་གོའི་གནས་སྤོ་ཡུལ་མི་བརྒྱུད་དེ་དར་བ་དང་། གཉིས་ནི་རྒྱ་གར་གྱི་གནས་སྤོ་ཡུལ་མི་བརྒྱུད་དེ་དར་བ། གསུམ་ནི་ཚོང་ལས་བརྒྱུད་དེ་དར་བ་རེད། དོན་དུ་རྒྱ་གར་གྱི་གནས་སྤོ་ཡུལ་མི་དང་ཚོང་ལས་བརྒྱུད་དེ་མ་ལེ་ཞི་ཡར་དར་བ་སངས་རྒྱས་ཆོས་ལུགས་གཅིག་པུ་མ་ཡིན་པར་ཧིན་རྡུའི་ཆོས་ལུགས་ཀྱང་ཐབས་ལམ་དེ་དག་བརྒྱུད་དེ་དར་བར་བཞེད། དེ་ཕྱིན་བར་སྐབས་ཤིག་ལ་སངས་རྒྱས་ཆོས་ལུགས་དང་ཧིན་རྡུའི་ཆོས་ལུགས་གཉིས་མ་ལེ་ཞི་ཡའི་གཙོ་རྒྱུགས་རིག་གནས་སུ་གྱུར་བ་རེད།


མ་ལེ་ཞི་ཡའི་སློབ་མ་རྣམས་ཀྱིས་དགའ་སྟོན་མཛད་སྒོའི་སྟེང་རྒྱལ་དར་འཕྱར་བཞིན་པ།

马来西亚学生在首都吉隆坡举行的庆祝活动上挥舞国旗 图 / 新华社

ཝེ་སད་དུས་ཆེན་ནི་མ་ལེ་ཞི་ཡའི་ཆེས་ཤུགས་རྐྱེན་ཆེ་པའི་ནང་བསྟན་གྱི་དུས་ཆེན་ཞིག་རེད། ནང་ཆོས་དར་ཁྱབ་ཆེ་བའི་རྒྱལ་ཁབ་སོ་སོར་དུས་ཆེན་འདི་རོལ་བའི་སྲོལ་ཡོད་ནའང་། དུས་ཆེན་འདིའི་མིང་ལ་འབོད་སྟངས་མི་འདྲ་བ་མང་པོ་མཆིས། མ་ལེ་ཞི་ཡིའི་ནང་ཆོས་དད་ལྡན་པ་དག་གིས་འབོད་བཞིན་པའི་ཝེ་སད་དུས་ཆེན་ནི་པྲ་ཀྲི་ཏིའི་སྐད་"Visakha"ལས་འགྱུར་བར་བཞེད། དོན་དུ་དེ་ནི་བོད་ཀྱི་ས་ག་ཟླ་བའི་དུས་ཆེན་དང་གཅིག་མཚུངས་སུ་སྣང་། སྤྱི་ལོ་1950ལོར་འཛམ་གླིང་ནང་ཆོས་མཛའ་འབྲེལ་ཚོགས་པས་སི་རི་ལན་ཁ་ནས་བསྡུས་པའི་སྐབས་དང་པོའི་ནང་ཆོས་གྲོས་ཚོགས་སྟེང་ཝེ་སད་དུས་ཆེན་གྱི་སྐོར་ལ་གྲོས་ཐག་བཅད་ཅིང་ཡ་གླིང་ཤར་ལྷོའི་ནང་ཆོས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཀུན་གྱིས་ཝེ་སད་དུས་ཆེན་ཉིན་གཞུང་ཕྱོགས་ནས་ངལ་གསོའི་གནང་བ་སྟེར་དགོས་པའི་རེ་འཆར་བཏོན། ཝེ་སད་དུས་ཆེན་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པས་རྒྱལ་སྤྱིའི་སྟེང་ཝེ་སད་དུས་ཆེན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་སད་དུས་ཆེན་ཞེས་འབོད་བཞིན་མཆིས།


 ཧིན་རྡུ་ཆོས་ལུགས་ཀྱིི་དད་ལྡན་པ་རྣམས་ཆོས་ལུགས་བྱེད་སྒོར་ཞུགས་བཞིན་པ།

马来西亚吉隆坡,印度教信徒参加大宝森节

    མ་ལེ་ཞི་ཡའི་གྲོང་ཁྱེར་ཆེན་པོ་པིན་ཁྲིན་ནི་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཞིག་གིས་ས་དགེ་བཅུད་འཛོམས་ཀྱི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱེད། པིན་ཁྲིན་དུ་ཐེག་ཆེན་ཆོས་ལུགས་སུ་གཏོགས་པའི་དགོན་པ་མང་པོ་ཞིག་ཡོད་ལ། དགོན་པ་དེ་དག་གི་བཟོ་བཀོད་ལ་ས་གནས་རང་གི་ཁྱད་ཆོས་བླ་ལྷག་ལྡན། གནས་འདིའི་དགོན་པ་མང་པོ་ཞིག་ནི་ཐེག་དམནཉན་ཐོས་སྡེ་བདང་ཐེག་ཆེན་གཉིས་མཉམ་གནས་བྱས་མྱངས་བའི་ལོ་རྒྱུས་ཀྱི་དན་རྟགས་སུ་འཁུམས། པིན་ཁྲིན་གྲོང་ཁྱེར་ན་མིང་དུ་གྲགས་པའི་དག་ཞིང་དགོན་ཞེས་པའི་དགོན་པ་ཆེན་པོ་ཞིག་ཡོད་ལ། དགོན་པ་དེ་ནི་མ་ལེ་ཞི་ཡ་ཙམ་མ་ཟད་ཡ་གླིང་ལྷོ་ཤར་དུའང་ཆེས་ཆེ་བའི་ཐེག་ཆེན་གྱི་དགོན་པ་ཡིན་པར་གྲགས། དགོན་པ་འདིར་རྒྱལ་ཁབ་དང་གྲུབ་མཐའ་མི་འདྲ་བའི་ཆོས་ལུགས་པ་མང་པོས་མཉམ་དུ་སྒྲིབ་སྦྱོང་དགེ་སྒྲུབ་ཀྱི་ལས་ལ་བྲེལ་བཞིན་མཆིས་པས་དཀྱིལ་ཡངས་དང་སྣ་མང་གི་རིག་གནས་ཁོར་ཡུག་ཅིག་ངང་གིས་ཆགས་འདུག དགོན་པ་འདིའི་མིང་དུ་གྲགས་པའི་སྤྱན་རས་གཟིགས་ཀྱི་འབག་སྐུ་ཆེན་པོ་དེའི་སྤྱིའི་མཐོ་ཚད་ལ་ཁང་བརྩེགས་བཅུ་གསུམ་ཙམ་ཡོད་ལ་གཟི་བརྗིད་དང་ངོ་མཚར་གྱིས་བརྟས་པའི་བཟོ་བཀོད་འདི་མ་ལེ་ཞི་ཡའི་པེན་ཁྲིན་གྲོང་ཁྱེར་གྱི་ཚབ་མཚོན་བཟོ་བཀོད་ཅིག་ཏུ་གྱུར་ཡོད་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1