ཡུན་ནན་བདེ་ཆེན་ས་ཁུལ་གྱི་འཇོལ་དམངས་ཁྲོད་ཀྱི་ནས་ཆང་བཙག་སྲོལ།

ཚེ་རིང་དོན་འགྲུབ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-17


ཞིམ་མངར་ཆང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་པ། པདྨ་ཚེ་རིང་གིས་པར་བླངས།
美酒喜迎海外游客 图 / 张国华

        དཀར་ཡོལ་འབྲུག་མའི་ནང་ལ། ནས་ཆང་བདུད་རྩི་སྔོན་མོ་འཁྱིལ། ནས་ཆང་བདུད་རྩི་སྔོན་མོ་འདི། ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ་ཡིན། ཟླ་ལ་བསྙལ་བའི་ཟླ་ཆང་བསིལ་མ་ཡིན། རང་རེའི་བོད་ཀྱི་སྲིད་པ་རྒན་པོའི་གཏམ་དཔེ་དང་། གནའ་བོའི་གླུ་གཞས་སོགས་སུ་ནས་ཆང་བདུད་རྩི་སྔོན་མོར་བསྟོད་པ་བྱེད་ཚུལ་ལ་གཞིགས་ན། ནས་ཆང་བྱུང་བའི་གོ་རིམ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་བོད་རིགས་མང་ཚོགས་སྤྱི་ནས་བཏུང་བྱ་འདི་ལ་ལྷག་ཏུ་དགའ་མགུ་བྱེད་བཞིན་པ་ཤེས་ཐུབ

        འཇོལ་སྔོན་ཕུ་ས་ཆའི་ཡུལ་མི་རྣམས་ལའང་ལོ་རེ་བཞིན་ནས་ཆང་བཙག་པའི་སྲོལ་ཡོད་ཅིང་། ནས་ཆང་བཙག་པའི་གོ་རིམ་དེ་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ན། ཐོག་མར་ནས་རློན་པ་བཀྲུ་བ་དང་དེ་ནས་ཆུའི་ནང་དུ་བཙོས་ནས་ལན་མང་དཀྲུགས་ལ་ཁ་གས་པའི་བར་དུ་བཙོ་བ་ཡིན། དེའི་རྗེས་ནས་བཙོས་ཟིན་པའི་སྙིགས་རོ་སོགས་སྨྱུག་མ་ལས་བཟོས་པའི་སླེ་བོ་ནང་བཞག་ནས་རང་འགུལ་གྱིས་འཁྱགས་སུ་འཇུག་པ་དང། དེའི་ནང་དུ་ཚད་དང་རན་པའི་ཆང་ཕབས་བསྲེས་ནས་ཐེངས་མང་དཀྲུགས་ཏེ་ནས་དང་འདྲེས་སུ་འཇུག་དགོས། རིམ་བཞིན་ནས་དེ་དག་སྣོད་གཞན་པ་ཞིག་གི་ནང་དུ་བཅུག་སྟེ་ཁ་དམ་པོར་བཞག་ནས་སྤྱིར་བཏང་དུ་ཟླ་གཉིས་ནས་ཟླ་དྲུག་གི་བར་དུ་བསྙལ་དགོས་པ་ཡིན། དེ་ནས་ཐོག་མར་ལྕགས་ཀྱི་སྣོད་ཆེན་པོ་སྟེ་ཡུལ་སྐད་དུ་ཨ་སྤོ་ཟེར་བའི་སྣོད་ཀྱི་ནང་དུ་ཆུ་དང་གོང་གི་བསྙལ་ཟིན་པའི་ནས་གཉིས་བླུག་རྗེས། སྣོད་ཀྱི་དཀྱིལ་དུ་ཨ་འབུད་བཞག་ལ་ཨ་འབུད་ཀྱི་ཁ་ཨ་སྤོའི་ཕྱི་རུ་བསྲིངས་ནས། ཡང་ཨ་སྤོའི་སྟེང་ལ་སླ་ང་ཞིག་བཞག་ཅིང་དེའི་ནང་དུ་ཆུ་གྲང་བླུག་ནས་མཐའ་བཞི་པོར་ཕྱེ་བསྐུས་ཏེ་མེ་དང་དབུགས་སོགས་ཕྱིར་མི་འབུད་པར་བྱེད། དུས་ཚོད་ལྔ་དྲུག་རིང་ཨ་སྤོའི་འོག་ལ་མེ་བུས་ནས་བསྐོལ་ཞིང་དེའི་རླངས་པ་རེ་རེ་ནི་ཨ་འབུད་བརྒྱུད་ནས་ཆང་སྣོད་ནང་བཞུར་ཡོང་བ་དེ་ནི་ནས་ཆང་བདུད་རྩི་སྔོན་མོ་ཡིན། ནས་ཆང་བཙག་པའི་གོ་རིམ་ཁྲོད་སྟེང་གི་སླ་ངའི་ནང་གི་ཆུ་གྲང་དེ་ཅུང་ཚ་མོ་གྱུར་ན་སྣོད་གཞན་དུ་བླངས་ནས་ཡང་བསྐྱར་ཆུ་གྲང་འཇོག་པ་ཡིན།

        དམངས་ཁྲོད་ཀྱི་ནས་ཆང་བཙག་པའི་གོ་རིམ་འདི་སྟབས་བདེ་ཞིང་། བཙག་ཐོན་རྗེས་ཀྱི་ནས་ཆང་དེ་ཁ་ལ་ཞིམ་པར་མ་ཟད། བཟི་སྟོབས་ཀྱང་ཅུང་ཆེ་བར་སྣང། འདིའི་རྒྱུ་ཆ་ཚང་མ་ཡང་མཁའ་དབུགས་གཙང་ལ་ཉི་འོད་འཇམ་པའི་རང་ཡུལ་གྱི་ནས་འབྲུ་གཙང་མ་དང། གངས་དཀར་ལྷུན་པོའི་ཆབ་རོམ་བཞུས་ནས་ལྷུང་ལྷུང་བཞུར་བའི་གངས་ཆུ་དྭངས་མོ་ཁོ་ན་ཡིན་ལ། སྲོལ་རྒྱུན་གྱི་ལག་རྩལ་གཅིག་པུ་ལ་བརྟེན་པ་ལས་འདིའི་ནང་དུ་རྫས་འདྲ་མིན་བསྲེས་མེད་པས། བོད་ཀྱི་ནས་ཆང་ཟེར་ན་མིང་ཆེ་ལ། ཡུལ་གྱི་མཚོན་བྱེད་ཅིག་ཏུའང་སྔར་ནས་གྱུར་ཡོད། ལྷག་ཏུ་གནའ་བོའི་གྲོང་སྡེ་འདི་ན་མེས་པོའི་དུས་ནས་བརྒྱུད་པའི་ཆང་བསྙལ་བའི་གོ་རིམ་འདི་འདྲ་ད་དུང་ཡང་མ་ཉམས་པར་ལག་ལེན་དང་རྒྱུན་འཛིན་བྱེད་བཞིན་ཡོད་པས་དགའ་མགུ་སྐྱེ་ཆོག་པ་ཞིག་ཀྱང་རེད།

ཆང་གཞས་སྙན་མོས་སྐུ་མགྲོན་བསུ། པདྨ་ཚེ་རིང་གིས་པར་བླངས།

唱响极具当地特色的敬酒歌 图 / 张国华

        ལོ་གསར་དང་གཉེན་སྟོན། མདའ་རྩེད། རྟ་རྒྱུག་སོགས་སུ་ནས་ཆང་ནི་མེད་དུ་མི་རུང་བའི་བཏུང་བྱ་གཙོ་བོ་ཞིག་ཡིན་ལ། ལྷག་ཏུ་ལོ་གསར་གྱི་སྐབས་སུ་སྡེ་བའི་རྒན་དར་གཞོན་གསུམ་གྱིས་ནས་ཆང་གང་འཚམས་རེ་ཁྱེར་ཡོང་ནས་མཆོད་རྟེན་དཀར་པོར་བསྐོར་བ་ལན་གསུམ་བརྒྱབ་རྗེས། རང་གི་ཡུལ་ལྷ་ཨ་མྱེས་ཁ་བ་དཀར་པོ་མཆོད་ཅིང་གསོལ་ལ། དེ་ནས་རྒན་གཞོན་རིམ་པར་གྲལ་བསྒྲིགས་ཏེ། ནས་ཆང་བདུད་རྩི་སྔོན་མོ་འཐུང་བཞིན་གླུ་ལེན་གར་རྩེད་བྱེད་པ་རེད། དེ་ལྟར་ནས་ཆང་བདུད་རྩི་སྔོན་མོ་འདི་ཡང་རང་རེའི་འཚོ་བའི་ཁྲོད་མེད་མི་རུང་བའི་བཏུང་བྱ་ཞིག་ཏུ་གྱུར་ཡོད་ལ། ཡིན་ནའང་ཚད་དང་རན་ན་སྨན་དང་ཚད་ལས་བརྒལ་ན་དུག་རུ་འགྱུར་ངེས་པས། ནས་ཆང་བདུད་རྩི་སྔོན་མོས་རང་རེའི་འཚོ་བའི་ཁྲོད་དུ་དགའ་སྤྲོ་དང་དགོད་སྒྲ་གང་མང་འཁྱིལ་ཡོང་བའི་ཞོར་དུ། འཐུང་རྒྱུ་མང་དྲགས་ན་གྱོད་དང་ནད་ཅི་རིགས་འདྲེན་བྱེད་ཀྱི་རྒྱུ་རུ་གྱུར་ཡོད་པ་མིག་མཐོང་ལག་ཟིན་དུ་སྣང་བས། འདོད་ཆུང་ཆོག་ཤེས་ཀྱིས་བསྟེན་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ཞེས་ཀུན་ལ་སྨྲ་བར་སྤྲོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1