གོམ་འགྲོས་ཡངས་མོ་གཙང་ཆུའི་འགྲམ་དུ་བསྒྱུར། །
སེམས་གཞས་དྭངས་མོ་རླུང་བུའི་ཟས་སུ་ཕུལ། །
རེ་བའི་རི་མོ་མཆོག་གསུམ་ལྷ་ལ་བཅོལ། །
སྣང་བའི་དབྱིངས་ལ་ཁྱེད་ཀྱི་བསྡུས་གཟུགས་བསྒོམས། །
གོམ་ཁ་ཏོག་ཙམ་འགུལ་བའི་བར་གླགས་ན། །
སུ་ཞིག་དྲན་པའི་ཚིག་གི་ལོ་མ་གཡོ། །
སྙིང་ཆུང་ཨེན་ཙམ་ལྡིང་བའི་སྔ་གཞུག་ཏུ། །
གང་ཞིག་གླེང་བའི་མོས་འདུན་ཆེ་རུ་གྱུར། །
ཆུ་མོ་རླབས་ཀྱིས་སྐྱོམ་པའི་སྐད་སྒྲ་ལས། །
ཞེ་འདངས་ཅན་མའི་གསང་གཏམ་ཚོར་གི་ཡོད། །
སྡོང་ལོ་ས་ལ་འཐོར་བའི་གར་སྟབས་ཁྲོད། །
མི་མོ་དེ་ཡི་སྒྱུ་རྩལ་མཐོང་གི་ཡོད། །
གླུ་གཞས་སྙན་མོ་རྣ་བའི་གསོས་སུ་དྲངས། །
སྡེབ་ལེགས་ཚིག་ཕྲེང་ཡིད་ཀྱི་ངོས་སུ་ཕབ། །
གདོང་ལ་འཛུམ་ཆུང་དོད་པའི་དུངས་ཀ་ཅན། །
དོ་དགོང་སྐྱེས་ཕོའི་རེ་བའི་མིག་འབྲས་ཡིན། །
གཙང་པོའི་འགྲམ་དུ་བཞག་པའི་གོམ་རིས་དག །
རྟ་ཁྱུ་རི་ལ་གཤར་བའི་རྗེས་དང་མཚུངས།།
སྙིང་ཆུང་འཕར་ལྡིང་བྱས་པའི་སྐད་སྒྲ་ཡིས།།
མཚན་ལྗོངས་དེ་ཡི་ལྷིང་འཇགས་ཁད་ཀྱིས་དཀྲོགས། །