བསླབ་བྱ་གཞན་ཕན་བདུད་རྩིའི་སྙིང་པོ།

ལྕང་སྐྱ་རོལ་འི་རྡོ་རྗེ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-19


ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དགེ་ལེགས་དཔལ་དུ་སྡུག་པའི་རིན་ཆེན་སེམས་ཀྱི་ནོར་བུས་ཅི་ཡང་གཏམས། །མ་སྨད་ཡིད་འོང་སྤྱོད་པའི་རླབས་ཕྲེང་འཛུམ་པའི་ཚོགས་གཉིས་ཆུ་གཏེར་ལས། །ཉེར་འོངས་ཀུན་རྟོགས་སྤྲིན་བྲལ་ཀུན་བཟང་ལྷུན་གྲུབ་འཕྲིན་ལས་སྣང་འབུམ་འགྱེད། །འགྲོ་བའི་ལམ་བཟང་མཚོན་པའི་མིག་གཅིག་ཐུབ་དབང་སྨྲ་བའི་ཉི་མར་འདུད། །རྨོངས་པའི་དུག་ཆུས་མྱོས་པའི་ཡིད་ཀྱི་གླང་སྨྱོན་ཁྱུ། །མི་བཟད་གོལ་བའི་ལམ་དུ་ཡང་ཡང་འཕྱན་པ་ལས། ཆོས་བཞིན་སྤྱོད་པའི་དམ་པའི་ལམ་དུ་འདྲེན་བྱེད་པའི། །ཐབས་ཀྱི་མཆོག་གྱུར་ཀྱོ་བ་རྣོན་པོ་འདིར་བཤད་བྱ། །ཐོག་མེད་སྲིད་པར་ལན་བརྒྱར་འཕྱན་པ་ལས། །སྟེས་ཀྱིས་ཐོབ་པའི་དལ་འབྱོར་ཡིད་བཞིན་ནོར། །ཆོས་བཞིན་བསྒྲུབས་པས་དོན་ལྡན་བྱེད་པ་ལ། །སྙིང་ནས་དགའ་རྣམས་དམ་པས་རངས་པའི་གནས། །ལྟོ་བ་འགེངས་དང་གནས་མལ་བདེ་བ་ཙམ། །སྙིང་བོར་རློམ་ནས་ངལ་བརྒྱས་སྒྲུབ་པ་དག ། རྟེན་བཟང་ཐོབ་ཀྱང་བླང་དོར་ལ་རྨོངས་པའི། །ཕྱུགས་ཀྱི་ངང་ཚུལ་ཉིད་ལ་གཞོལ་བར་ཟད། །དེ་ཕྱིར་བདག་ཉིད་ལེགས་སུ་འདོད་པ་རྣམས། །ངེས་པ་ཁོ་ནར་གཏན་དུ་བདེ་བའི་ཐབས། །རྒྱལ་བས་གསུངས་པའི་ཆོས་ཚུལ་ཟབ་མོ་ལ། །འཇུག་པའི་གཏན་གྱི་འདུན་མ་མ་ནོར་གཅེས། འདི་ན་འཕྲལ་གྱི་འཚོ་བའི་ཐབས་ཙམ་ཡང་།གང་ལ་རེ་བའི་ཡུལ་ལ་བརྟག་དགོས་ན། །གཏན་བདེའི་ལམ་དུ་འཁྲིད་པའི་སྐྱབས་འཆའ་བའི། །བཤེས་གཉེན་བཟང་བོ་བརྟག་པ་ཅིས་ཀྱང་འཚལ། །གང་ལ་བཤེས་སུ་བཟུང་བ་དེ་ཉིད་ལ། །ལུས་དང་ལོངས་སྤྱོད་སྒྲུབ་པའི་མཆོད་པ་ཡིས། །མཉེས་པ་ཁོ་ན་བྱེད་ལ་འབད་པ་ནི། བདེ་ལེགས་རྩ་བར་མདོ་རྒྱུད་ཀུན་ལས་བསྔགས། བླང་དང་འདོར་བ་ཚུལ་བཞིན་བསྒྲུབ་པ་ལ། །ཇི་ལྟར་བསྒྲུབ་ཚུལ་ཇི་བཞིན་ཤེས་དགོས་ཤིང་། །དེ་ལ་དེ་སྟོན་རྣམ་གཞག་ཐོས་དགོས་པས། །རྒྱ་ཆེན་གཞུང་ལ་ཐོས་པ་འཚོལ་བ་གཅེས། །རིགས་དང་མི་རིགས་རྣམ་དང་འབྱེད་པ་ལ། །ཡང་དག་རིགས་ཚུལ་ཇི་བཞིན་ཤེས་དགོས་པས། འཛམ་གླིང་རྒྱན་གྱི་རིགས་ལམ་སྟོན་པའི་གཞུང་། །ཀུན་ལ་ཕྱོགས་རེར་མ་སོང་སྦྱང་བ་གཅེས། །རིགས་ཚུལ་ཕྱོགས་རེ་ཙམ་གྱིས་ཚིམ་པ་དང་།གཡོ་ཐབས་ཟོལ་སྦྱོར་ཕ་རོལ་འབེབས་པ་ཡི། སྦྱོར་བ་ཁོ་ན་སློབ་དང་མཉན་པ་ནི། །ཕུང་བྱེད་འཆད་དང་མཉན་པའི་གཟུགས་བརྙན་ཡིན། །གང་ལ་སློབ་པའི་གཞུང་ལུགས་དེ་ཉིད་ཀྱི། །མངོན་པར་མཐོ་དང་ངེས་པར་ལེགས་པའི་ལམ། །སྟོན་ཚུལ་ཚིག་སྤྱི་ཙམ་དུ་མ་ལུས་པར། །དོན་གྱི་གནད་འགག་སོ་སོར་ཕྱེད་པ་ཡིས། །བསམ་དང་བསྒོམ་པས་ལག་ཏུ་ལེན་པ་ན། །ནམ་ཡང་གོལ་སར་འཆོར་དུ་མེད་པ་ཡི། ཐབས་ཚུལ་སྟོན་དང་མཉན་པ་དམ་པའི་ཚུལ། །སྔ་ཕྱི་ལེགས་པར་འབྲེལ་བའི་མཚམས་སྦྱོར་དང་། །གཞུང་གི་གོ་བ་བསྐྱེད་པའི་བསྡུས་པའི་དོན། །ལོག་བཤད་གོལ་ས་སྤངས་པའི་བརྒལ་ལན་དང་། །དོན་འབྲས་ཇི་ལྟར་བསྒྲུབ་པ་དགོས་པའི་དོན། །ཡན་ལག་རྒྱས་པར་བཤད་པ་ཚིག་གི་དོན། །འདི་ལྔ་གཞུང་ལུགས་འཆད་པའི་ཐབས་མཆོག་སྟེ། །རྒྱ་གར་ཁ་སྤུ་ཅན་གྱི་ལུགས་སྲོལ་ཡིན། །ངེས་པར་གཞུང་དོན་ཤེས་ལ་མེད་མི་རུང་། །གནད་དོན་བོར་བའི་སླ་བར་རྒྱས་བཤད་བྱེད། གཞུང་ཚིག་ཁོལ་ཕྱུང་ཙམ་ལ་ཡང་ཡང་བཟློས། ཚིག་གི་ན་ཡམས་ཙམ་གྱི་འབྲེལ་བ་དང་། །འཆད་དང་རྩོད་པའི་ཚུལ་ལ་བདག་མ་རངས། དེ་ཕྱིར་གཞུང་ཚིག་ནུས་པ་འདོན་ལུགས་དང་། །དེ་ཡིས་ལམ་ལ་ངེས་པ་སྐྱེད་པའི་ཚུལ། །གསལ་ལ་འདྲིལ་བའི་གོ་བ་སྟེར་ལུགས་ལ། །སྙིང་པོར་བཟུང་བའི་ཐོས་པ་གནད་དུ་འགྲོ། སྔོན་དུས་ཆོས་བཞིན་སྤྱོད་པའི་དམ་པ་ཡིས། །ལུས་སྲོག་ཐེད་ལ་བོར་བའི་དཀའ་སྤྱད་ཀྱིས། །བཙལ་བའི་མདོ་སྔགས་གཞུང་དང་གདམས་པའི་ཚོགས། །ཕལ་ཆེར་ནུབ་ཅིང་འགའ་ཞིག་ནུབ་ལ་ཉེ། འདི་ལྟའི་ངང་ཚུལ་མངོན་དུ་གྱུར་ན་ཡང་། །རྒྱུན་ཇ་རེ་ཙམ་ཆད་པའི་རྩིས་མེད་པར། །ཆོས་ཀྱིས་ལྟོ་རྒྱབ་འབྱིད་པ་ལྷུར་ལེན་པ། །ཐུབ་བསྟན་འཛིན་པ་མཁས་པའི་བཞད་གད་ཡིན། །དེའི་ཕྱིར་ཐོས་པ་འཚོལ་བའི་ཀུན་སློང་དང། །ཐོས་པའི་བསམ་སྦྱོར་ཇི་ལྟར་བསྟེན་པའི་ཚུལ། །མ་ནོར་ཚུལ་བཞིན་ཉམས་སུ་ལེགས་བསྟར་ན། ཐོས་པའི་ཕན་ཡོན་མཐའ་དག་འབྱུང་བར་ངེས། གང་ཞིག་ཐུབ་པའི་གསུང་རབ་དགོངས་འགྲེལ་ལས། །ཚིག་གཅིག་ཙམ་ཡང་ལྷག་མར་མ་ལུས་པར། །ཀུན་ཀྱང་དང་པོའི་ལས་ཅན་གང་ཟག་གཅིག ། རྣམ་པ་ཐམས་ཅད་མཁྱེན་པར་འཁྲིད་བྱེད་པའི། །ལམ་གྱི་གཙོ་བོ་ཡན་ལག་ཅི་རིགས་པར། །དངོས་སམ་བརྒྱུད་པའི་སྒོ་ནས་འདུ་བ་ལ། བློ་ཁ་ནང་དུ་ཕྱོགས་ཏེ་རིགས་པ་ཡིས། །ཡང་ཡང་བསམས་ཏེ་ངེས་ཤེས་རྙེད་པ་གནད། །རིན་ཆེན་གླིང་དུ་ཆས་པའི་སྐྱེས་བུའི་ཚོགས། ངལ་བ་སེལ་ཕྱིར་དེད་དཔོན་མཁས་པ་ཡིས། །ལམ་དུ་གྲོང་ཁྱེར་ཡིད་འོང་སྤྲུལ་བ་ལྟར། །ཆུང་འབྲིང་ཐེག་པ་གསུངས་པར་རྒྱལ་བས་བཤད། གཞན་དོན་བྱེད་ལ་དཔའ་བའི་སེམས་དཔའ་ཡིས། །རིགས་ཅན་གསུམ་གྱི་སྨན་པ་བསྒྲུབ་པའི་ཕྱིར། །མཁྱེན་པ་གསུམ་གྱི་རྣམ་པ་མཐའ་དག་ལ། །ཐོས་བསམ་སྒོམ་པས་ངེས་པར་སློབ་དགོས་ལ། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པ་ཡི། །དགོངས་དོན་སྙིང་པོར་མི་ཕམ་མགོན་པོས་བཤད། དེའི་ཕྱིར་ཐེག་པ་གསུམ་གྱི་གསུང་རབ་ཀུན། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུ། །དེ་ཡང་མདོ་དང་དེ་ཡི་དགོངས་འགྲེལ་རྣམས། ། ཐད་ཀ་ཐད་ཀའི་ལམ་གྱི་ཉམས་ལེན་དུ། །བླངས་ནས་རང་གི་རྒྱུད་ལ་སྦྱོར་ཤེས་ན། །མཁས་པ་མགུ་བའི་ཉམས་སུ་ལེན་ཚུལ་ཡིན། །གཞན་དུ་འཛམ་གླིང་རྒྱན་གྱི་གཞུང་ལུགས་ལ། ། མི་ཚེ་ཧྲིལ་གྱིས་ཐོས་པ་བསགས་གྱུར་ཀྱང་། ཉམས་སུ་ལེན་ཚེ་གྲོག་པོ་ཕུག་རྡུག་ཏུ། །ཕྱིན་ལྟར་མ་སྦྱངས་གནས་སུ་ཕྱིར་ལྡོག་པའི། །ངང་ཚུལ་དེ་ཡིས་བློ་གྲོས་ལྡན་པ་རྣམས། །རངས་པ་འཐོབ་པའི་གནས་སྐབས་ག་ལ་མཆིས། །དེ་ཡང་ཐོག་མཐའ་བར་གྱི་ཀུན་སློང་རྣམས། །ཕྱིར་ལྟ་ཁོ་ནར་སོང་བས་ལན་པ་ལགས། །སྔོན་བྱོན་ཚད་ལྡན་མཁས་གྲུབ་ཕལ་མོ་ཆེས། །གསུང་རབ་ལྟ་ཞོག་བྱ་སྒྲུང་ཚུན་ཆད་ཀྱང་། །ཉམས་ལེན་གྲོགས་སུ་ཤར་བའི་རྣམ་ཐར་གྱིས། །གོ་འཕང་མཐོན་པོ་བརྙེས་ལ་གཞིགས་པར་མཛོད། །དེ་ལྟར་ཐོས་བསམ་གནད་དུ་ལེགས་སོང་ན། །དེ་ཉིད་བསྒོམ་དང་ཉམས་ལེན་གཙོ་བོ་ཡིན། ཐོས་བསམ་སྒོམ་གསུམ་ཅིག་ཅར་འབྱུང་བས་ན། །ཚེགས་མེད་ལམ་གྱི་རྟོགས་པ་རྙེད་པར་འགྱུར། །རྒྱ་བོད་མཁས་པའི་སྐྱེས་བུ་ཕལ་མོ་ཆེས། མཚམས་དང་འདག་སྦྱར་གཅིག་དྲིལ་མ་མཛད་ཀྱང་། ། འཆད་རྩོད་རྩོམ་པའི་མཛད་པ་མཛད་བཞིན་པར། ། ས་ལམ་རྟོགས་པ་ཕུལ་བྱུང་བརྙེས་ལ་ལྟོས། །ཐར་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཚུལ། །དྲི་མེད་རིགས་པས་ལེགས་པར་ངེས་པ་རྣམས། །ཇི་ལྟར་རིགས་པར་དཔྱད་དང་འཇོག་པ་ཡིས། །ཡང་ཡང་གོམས་པར་བྱེད་ལ་སྒོམ་ཞེས་ཟེར། བསྟན་པའི་གནད་ལ་ངེས་པ་མ་རྙེད་པར། །རི་སུལ་སྟོང་བར་དཀའ་ཐུབ་སྤྱོད་པ་ཡིས། །མི་ཚེ་བསྐྱལ་ཡང་འཁོར་བའི་རྩ་བ་ལ། གནོད་པ་རྡུལ་ཙམ་འབྱུང་བའི་སྐབས་མ་མཆིས། །ངེས་འབྱུང་ལྟ་དང་བྱང་ཆུབ་སེམས་བྲལ་ན། །བསྐལ་བའི་རླུང་གིས་ཀྱང་ནི་བསྐྱོད་དཀའ་བའི། །ཏིང་འཛིན་བརྟན་པོ་ཅི་ཙམ་ཡོད་གྱུར་ཀྱང་། །ལྷག་སྤྱོད་ཏིང་འཛིན་ལས་ནི་འཕགས་མི་ནུས། ། བསྟན་པའི་རྩ་བ་སོ་སོར་ཐར་བ་ཡི། །ཁས་བླངས་ཚུལ་ཁྲིམས་དག་པ་གཞིར་བཟུང་ནས། ཏིང་འཛིན་ཤེས་རབ་ཉམས་སུ་བླང་གྱུར་ན།།ལྷག་པའི་བསླབ་པ་གསུམ་གྱི་མིང་འཐོབ་ལགས། །དེ་དག་གཞུང་ལུགས་ཆེན་པོ་མཐའ་དག་ལ། རིས་སུ་མ་ཆད་ཉམས་ལེན་བྱེད་ནུས་པའི། །མཁས་པའི་སྐྱེ་བོ་བློ་གྲོས་ལྡན་རྣམས་ཀྱིས། །ཐོས་བསམ་སྒོམ་པ་བྱེད་ཚུལ་མདོ་ཙམ་སྟེ། ད་དུང་ཞིབ་ཏུ་རྒྱས་པར་ཤེས་འདོད་ན།། བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་ཀྱི། །དྲི་མེད་གསུང་རབ་སྤྱི་དང་ཁྱད་པར་དུ། །ལམ་གྱི་རིམ་པའི་གདམས་ངག་རྣམས་ལ་ལྟོས། །དེ་ལྟར་ཉམས་ལེན་གནད་དུ་འགྲོ་བ་ལ། །སྐྱེས་ཐོབ་ཤེས་རབ་ཆེ་བའི་རློམ་སེམས་དང་། །དཀའ་སྤྱད་ཁུར་དུ་བཟོད་པའི་སྡུག་སྲན་དང་།།ཐོས་བསམ་ངལ་བ་མང་བའི་སྡུག་ཡུས་ཙམ། །ཁོ་ནས་ས་ཆོད་ཅི་ཡང་མི་འབྱུང་བས། །མ་ནོར་ལམ་སྟོན་བཤེས་ལ་བསྟེན་པ་དང།།ཆོས་མཐུན་གྲོགས་བསྟེན་གཞུང་མང་བལྟ་རྟོག་བྱེད། །ཕྱག་སྐོར་མཎྡལ་གཟུངས་སྔགས་བཟླས་བརྗོད་སོགས། །ལམ་གྱི་མཐུན་རྐྱེན་བསོད་ནམས་ཚོགས་གསོག་དང་། །འགལ་རྐྱེན་སྒྲིབ་པ་སྦྱོང་བའི་སྒོ་དུ་མར། །སྙིང་ནས་འབད་པས་བརྩོན་པ་ཤིན་ཏུ་གཅེས། །ཁྱད་པར་ལྷ་དང་བླ་མ་དབྱེར་མེད་ལ། མོས་གུས་ཤུགས་དྲག་བློ་སེམས་གཅིག་དྲིལ་གྱིས། །ཚིག་ཙམ་མིན་པར་གསོལ་བ་ལེགས་བཏབ་ན། །ཅི་བྱས་ལམ་དུ་འགྲོ་བ་གདོན་མི་ཟ། གལ་ཏེ་རང་གི་བློ་ནུས་སྟོབས་ཆུང་ཞིང་། །སྙིགས་དུས་ཚེ་ནི་ཕལ་ཆེར་ཡུན་ཐུང་བས། །རྣམ་མང་གཞུང་ལ་ཐོས་དང་བསམ་པ་ཡིས། བརྡར་ཤ་གཅོད་པའི་སྤྲོས་པས་འཇིགས་གྱུར་ན། །ཚང་ལ་མ་ནོར་གདམས་པའི་སྙིང་བོ་མཆོག ། ཐུན་མོང་ཐུན་མོང་མིན་པའི་ལམ་རིམ་རྣམས། །གསལ་ལ་འདྲིལ་བར་ཉམས་སུ་ལེན་པའི་ཚུལ། །བློ་བཟང་རྒྱལ་བའི་སྙན་བརྒྱུད་ཟབ་མོ་རྣམས། །ཚུལ་བཞིན་སྟོན་པའི་མཚན་ལྡན་བཤེས་གཉེན་ལས། །མ་ནོར་ལེགས་མནོས་དབེན་པའི་རི་སུལ་དུ། །ཆོས་བརྒྱད་སྤྲོས་པ་བཙན་ཐབས་བཅད་ནས་སུ། །སྒྲུབ་པ་ལྷུར་ལེན་བྱེད་པ་སྙིང་གཏམ་ཡིན། །བགྲང་ཡས་བསྐལ་པར་གང་གི་མཚན་ཙམ་ཡང་། །ཐོས་པར་དཀའ་བའི་རྡོ་རྗེའི་ཐེག་པ་ལ། །ཐོས་བསམ་སྒོམ་པའི་སྦྱོར་བ་ཅི་ནུས་ཀྱིས། །བག་ཆགས་འཐུག་པོ་འཇོག་པ་གནད་དུ་ཆེ། །དེ་ལྟར་རྒྱལ་བའི་བསྟན་པ་རིན་ཆེན་ལ། །ཚུལ་བཞིན་སློབ་པའི་རིམ་པ་འདི་བཤད་པས། །བདག་གཞན་མི་ལུས་སྐྱེ་བ་ཐམས་ཅད་དུ། །རྣམ་དག་ལམ་དང་འབྲལ་བ་མེད་གྱུར་ཅིག ། 

མི་ཉག་གསེར་གྱི་མཆོད་རྟེན། ཁྲིན་ཡ་ཞིས་ཀྱིས་པར་བླངས།
木雅金塔 图 / 陈亚熙


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1