སྲིད་པ་རྒྱུད་ཀྱི་བོན་ནམ་རྒྱུའི་བོན་ཐེག་པ་བཞིའི་རིག་གནས་ཅུང་ཟད་གླེང་བ་མེས་པོའི་རྒྱང་འབོད།

རྫ་པ་ཚེ་རིང་འགྱུར་མེད། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-19


རྔ་བ་སྣང་ཞིག་དགོན་པས་ཆོས་ལུགས་བྱེད་སྒོ་སྤེལ་བཞིན་པ། ཤེས་བྱས་པར་མཁོ་འདོན་བྱས།
本教大寺阿坝郎依寺在开展佛事活动 图 / 西夏提供

བོད་ཀྱི་ཡུལ་འདིར་འགྲོ་བ་མིའི་འཇིག་རྟེན་ཆགས་པའི་དུས་ཚོད་ཡུལ་ཁམས་གཞན་དང་འདྲ་བ་ཤིན་ཏུ་སྔ་བ་ཇི་བཞིན་རིག་གནས་དང་ཆོས་ལུགས་སོགས་ཐོག་མར་བྱུང་བའི་དུས་ཚོད་ཀྱང་འདི་ནས་མི་ལོ་བཞི་སྟོང་གི་ཡར་སྔོན་དུ་ཐག་བཅད་ན་ལུང་དང་རིགས་པའི་གནོད་པ་ཅི་ཡང་མི་འབྱུང་། གདོད་མའི་བོན་ནི་བོད་མི་ཐུན་མོང་གི་བསམ་བློ་ལས་འཁྲུངས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཤིན་ཏུ་གསལ་བའི་ཆོས་ལུགས་ཤིག་སྟེ། དེ་ལ་ལུང་དང་རིགས་པས་ལེགས་པར་བསྒྲུབས་པའི་རིག་གཞུང་ཆ་ཚང་ལ་རྒྱ་ཆེ་བ་ཞིག་མེད་ཀྱང་གསང་བ་ལྐོག་གྱུར་གྱི་ལྷ་འདྲེ་ཡོད་པར་འདོད་པའི་ལྟ་བ་དང་། ལྷ་མཆོད་འདྲེ་འདུལ་གྱི་ཆོ་ག་རིམ་གྲོ་སྤེལ་བའི་སྤྱོད་པ། མཐའ་ཐུག་གི་འབྲས་བུ་གནོད་འཚེ་དང་བར་ཆད་བསལ་ཅིང་ཕན་པ་དང་བདེ་བ་དོན་གཉེར་བྱེད་པ་སོགས་ལྟ་སྤྱོད་ཆ་ཚང་བ་ཞིག་ཡོད་པའི་ཆ་ནས་ཆོས་ལུགས་ཤིག་ཡིན་པ་ཚད་མས་གྲུབ་པ་དང་། ཆོས་ལུགས་དེ་ཐོག་མར་དར་བའི་དུས་ཚོད་ཐག་གཅོད་པར་དཀའ་མོད་གཡུང་དྲུང་གི་བོན་མ་དར་བའི་སྔ་ནས་ཡོད་པ་ཐག་བཅད་ཐུབ་སྟེ། དེ་ལྟར་ཐག་བཅད་པས་བོད་ལ་ཆོས་ལུགས་ཤིག་སྔ་མོ་ནས་ཡོད་པའི་དབང་གིས་ཕྱི་ཆོས་ལུགས་ཀྱི་རྣམ་པ་ལ་ནང་རིག་གནས་ཀྱི་དོན་སྙིང་ཕུན་སུམ་ཚོགས་པ་དང་ལྡན་པའི་གདོད་མའི་བོན་གྱི་རིག་གནས་ཤིག་སྔ་མོ་ནས་གྲུབ་ཟིན་པའི་བདེན་དོན་ར་སྤྲོད་ཡང་དག་པར་བྱས་ཟིན། འཛམ་བུ་གླིང་འདིའི་མི་རིགས་སོ་སོའི་རིག་གནས་ཀྱི་ཐོག་མར་ཆོས་ལུགས་དང་འབྲེལ་ཞིང་འགྲོ་བ་མིའི་རིགས་ཀྱི་རྣམ་པ་སྣ་ཚོགས་པའི་རིག་གནས་མང་ཆེ་བ་ཆོས་ལུགས་རང་ལས་བྱུང་བ་ཇི་བཞིན་བོད་ཀྱི་རིག་གནས་འདི་ཉིད་ཀྱང་ཐོག་མར་གདོད་མའི་བོན་ལུགས་ཀྱི་རྣམ་པ་ཉིད་དུ་གསར་ཐོན་བྱུང་ལ། འདི་ནས་མི་ལོ་སུམ་སྟོང་དགུ་བརྒྱ་ལྷག་གི་སྔ་རོལ་དུ་གདོད་མའི་བོན་གྱི་རིག་གནས་དེ་དག་ལ་ལེགས་ཉེས་བླང་དོར་མང་པོ་མཛད་དེ་ལྟ་བ་གསར་པས་ཡང་དག་པར་བརྒྱན་ནས་གཡུང་དྲུང་བོན་གྱི་རིག་གཞུང་གི་རྒྱུའི་བོན་ཐེག་པ་བཞིའི་ཁོངས་སུ་བསྡུས་པ་དང་། འདི་ནས་མི་ལོ་ཆིག་སྟོང་གཉིས་བརྒྱ་ལྷག་གི་སྔ་རོལ་དུ་དེ་དག་ཐམས་ཅད་སླར་ཡང་བསྟན་པ་དང་འགྲོ་བ་ལ་ཕན་པའི་ནང་པ་སངས་རྒྱས་པའི་ཕྲིན་ལས་ཀྱི་ཡན་ལག་ཉིད་དུ་གྱུར་ཏེ་མོ་རྩིས་གཏོ་མདོས་དང་ཞི་རྒྱས་དབང་དྲག་གི་ལས་ཆོག་སོགས་ཀྱི་རྣམ་པར་བོན་བན་གཉིས་ཀྱི་ཆོས་ལུགས་རིག་གཞུང་གི་རྣམ་བཞག་སྣ་ཚོགས་པ་དང་ཆུ་དང་འོ་མ་བཞིན་དུ་འདྲེས་ནས་ད་ལྟའི་བར་དུ་དར་རྒྱས་ཕྱིན་པ་ཡིན།

རྒྱུའི་བོན་ཐེག་པ་བཞིའི་རིག་གནས་འདི་དག་བོད་རང་གིས་ཐོག་མར་གསར་གཏོད་མཛད་ཅིང་བོད་ལ་མ་གཏོགས་གཞན་ལ་མེད་པའི་རིག་གནས་ཤིག་ཡིན་ཏེ། གདོད་མའི་བོན་གྱི་དུས་སྐབས་སུ་རིག་གནས་འདི་དག་གི་ཐོག་མའི་རྣམ་པ་ཙམ་ནི་ཐོར་བུར་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཡོད་ཅིང་བོད་མིའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་གཏིང་ཟབ་པོར་ཆགས་ཡོད་དེ། ལེགས་ཉེས་བླང་དོར་བརྟག་བྱེད་ཀྱི་མོ་དང་། དུས་བཞིའི་འགྱུར་བ་བརྟག་བྱེད་ཀྱི་རྩིས། བར་ཆད་གེགས་སེལ་ལ་མཁོ་བའི་རིམ་གྲོ། ལུས་ཀྱི་འབྱུང་འཁྲུགས་ཞི་བྱེད་ཀྱི་སྨན་དཔྱད། ཡུལ་ལྷ་གཞི་བདག་མཉེས་བྱེད་ཀྱི་མཆོད་འབུལ། བདུད་འདྲེ་འབྱུང་པོ་འདུལ་བྱེད་ཀྱི་ཆོ་ག གསོན་པོ་ཚེ་བསོད་རླུང་རྟ་དར་བྱེད། གཤིན་པོ་ཕྱི་མར་བདེ་འགྲོ་ཐོབ་བྱེད་སོགས་ཆོས་ཀྱང་ཡིན་ལ་རིག་གནས་ཀྱང་ཡིན་པ་མང་པོ་ཞིག་བོད་མིས་གནའ་སྔ་མོ་ནས་གསར་གཏོད་མཛད་དེ་འཛམ་བུ་གླིང་གི་མི་རིགས་གཞན་ཀུན་དང་འདྲ་བར་འགྲོ་བ་མིའི་རིགས་ཀྱི་རིག་པའི་དཔལ་ཡོན་ཐོག་མར་འཛམ་གླིང་ཡང་རྩེ་གངས་རིའི་ལྗོངས་སུ་བསུ་བའི་ཕྲིན་ལས་རྨད་དུ་བྱུང་བ་སྤེལ་སྟེ་དབུ་ནག་བོད་ཀྱི་མི་རིགས་འདི་ཉིད་ཀླ་ཀློ་ལས་འདས་ཤིང་རིག་གནས་དཔལ་ཡོན་གྱིས་བརྒྱན་པའི་ཤེས་རབ་འོད་སྟོང་འབར་བའི་ལམ་ཆེན་ཐོག་ལ་སྔ་མོ་ཡ་ཐོག་གི་དུས་ནས་བགྲོད་ཐུབ་པ་བྱུང་ཡོད།

རྒྱུའི་བོན་ཐེག་པ་བཞིའི་ནང་གི་རིག་གནས་སྣ་ཚོགས་པ་ཞིག་གཡུང་དྲུང་གི་བོན་མ་དར་བའི་སྔོན་ལ་བོད་དུ་ཡོད་པ་བོན་གྱི་ལོ་རྒྱུས་ཡིག་ཆ་དུ་མས་ར་སྤྲོད་གནང་ཡོད་དེ། བོན་གཞུང་དུ་མའི་ནང་དུ་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་གཤེན་རབ་མི་བོ་ཆེ་འཇིག་རྟེན་འདིར་བྱོན་པའི་སྔ་རོལ་དུ་ཉི་བོན། ཟླ་བོན། གཟའ་བོན། སྐར་བོན། དམུ་བོན། སྲིད་བོན། ལྷ་བོན། དབལ་བོན། ཡོགས་བོན་སོགས་ཡ་ཐོག་གི་བོན་པོ་སུམ་ཅུ་སོ་གསུམ་ཡོད་པ་ལན་གཅིག་མིན་པ་ཡང་ཡང་གསུང་ཞིང་། བོན་གཞུང་སྣང་སྲིད་སྤྱི་མདོས་ལས། བདུད་བོན་གྱི་དམར་ཐབས་ལ། །གཤེན་རབ་ནི་ཅི་དགྱེས་ཏེ། །ཁྱབ་པ་ནི་ཆམ་ལ་ཕབ། །འབྲུ་དཀར་གྱི་གཏོར་མས་མཆོད། །དམར་ཐབས་ཀྱིས་འདྲེས་བྱུང་ན། །གཤེན་ལྷ་ལ་ནོངས་པ་མཐོལ། །གདོན་བོན་གྱི་ཤེ་ཚུའི་སྐྱེམས། །གཤེན་རབ་ནི་ཅི་དགྱེས་ཏེ། །གདོན་འདྲེ་དེ་ཆམ་ལ་ཕབ། །འབྲུ་དཀར་གྱི་ཡུ་ཏིས་མཆོད། །ཤེ་ཚུ་ཡི་འདྲེས་བྱུང་ན། །གཤེན་ལྷ་ལ་ནོངས་པ་མཐོལ། །ཞེས་གསུངས་པ་ལྟར་གཤེན་རབ་མི་བོ་ཆེ་སྲིད་འདིར་བྱོན་པའི་སྔ་རོལ་ལ་ཡོད་པའི་ཡ་ཐོག་གི་བོན་པོ་འགས་དམར་མཆོད་བྱེད་པའི་ལུགས་སྲོལ་ལ་སྟོན་པ་གཤེན་རབ་ཐུགས་མ་དགྱེས་ནས་དམར་མཆོད་ཀྱི་སྲོལ་ངན་མེད་པར་བཟོ་བའི་ཕྱིར་དུ་འབྲུ་དཀར་གྱི་གཏོར་མ་དང་ཡུ་ཏི་སོགས་མཛད་པ་བརྗོད་པ་ལྟ་བུ་ཡིན། དམར་མཆོད་དང་དཀར་མཆོད་ཅེས་བྱ་བ་ནི་མཆོད་པའི་རྫས་དང་མཆོད་པ་ཕུལ་བའི་ཀུན་སློང་གི་ཁྱད་པར་བརྗོད་པ་ཙམ་ལས་གདོད་མའི་བོན་གྱི་མཆོད་པའི་རིམ་གྲོ་མཐའ་དག་མཆོད་པ་ཞིག་མ་ཡིན་པ་བཤད་མེད། དེས་ན་ཆེས་སྔ་མོ་ནས་དར་བའི་ཉི་ཟླ་གཟའ་སྐར་ལ་བརྟག་སྟེ་ལུང་སྣ་ཚོགས་སྟོན་པ་དང་མཆོད་སྦྱིན་སོགས་ཀྱི་ཆོ་ག་དང་ལྡན་པའི་ཆོས་ལུགས་སྣ་ཚོགས་པ་དེ་དག་ལ་གདོད་མའི་བོན་ནམ་ཡ་ཐོག་གི་བོན་ཞེས་མིང་བཏགས་ནས་བོད་ཀྱི་གནའ་སྔ་མོའི་རིག་གནས་ཀུན་གྱི་མེས་པོ་ལྟ་བུར་ངོས་འཛིན་གནང་དགོས་པ་མ་ཟད། ཕྱིས་བྱུང་རྒྱུའི་བོན་ཐེག་པ་བཞིའི་རིག་གཞུང་ཆ་ཚང་བ་དེ་ཉིད་གྲུབ་པའི་ཁུངས་སམ་རྨང་གཞི་ཡང་ཡིན་པ་དངོས་སྟོབས་རིགས་པས་དཔྱད་པས་ཤེས་ཐུབ་པ་ཡིན།

ད་ལྟར་རང་རེའི་སྤྱན་ལམ་ལ་ཡོད་པའི་སྲིད་པའི་རྒྱུ་བོན་ནམ་རྒྱུའི་བོན་ཐེག་པ་བཞི་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཤཱཀྱའི་བསྟན་པ་རྒྱ་ཆེར་མ་སྤེལ་བའི་སྔ་རོལ་དུ་བོད་ཡུལ་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཅིང་སྐབས་དེར་གངས་རིའི་ལྗོངས་ཀྱི་ཆོས་དང་རིག་གནས་ཀུན་གྱི་བདག་པོ་ཉག་ཅིག་གཡུང་དྲུང་བོན་གྱི་རིག་ལུགས་འཛིན་པ་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་བྱུང་བ་ཞིག་ཡིན། ཤཱཀྱའི་བསྟན་པ་བོད་ལ་རྒྱ་ཆེ་བར་དར་བའི་རྗེས་སུ་རྒྱུའི་བོན་ཐེག་པ་བཞིའི་རིག་གནས་མང་ཆེ་བར་བོད་བརྒྱུད་ནང་བསྟན་པའི་སྒྲུབ་བརྒྱུད་འཛིན་པ་ཡོངས་ཀྱི་གཙུག་ལག་རིག་གཞུང་གི་ནང་དུ་ཐིམ་ནས་བོད་ཀྱི་རིག་གནས་ཀྱི་ཕྱི་མོ་དང་བོད་པའི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་གསལ་བྱེད་དུ་གྱུར་ནས་ད་ལྟར་ཀུན་གྱི་སྤྱན་ལམ་ལ་གྲ་མ་ཆག་ཟུར་མ་ཉམས་པར་བཤམས་ཡོད། གཡུང་དྲུང་བོན་ལུགས་སུ་རྒྱུའི་བོན་ཐེག་པ་བཞིའི་ནང་དུ་བཞག་པའི་བོད་པའི་རིག་གནས་དེ་དག་གང་གང་ཡིན་ཞེ་ན། ནད་དང་གདུང་བ་བཟང་ངན་པྲ་ལྟས་མོ་ཡིས་བརྟག ལེགས་ཉེས་བླང་དོར་ཐམས་ཅད་རྣོ་མཐོང་རྩིས་ཀྱིས་གཞལ། སྣང་ཡུལ་བདེ་སྡུག་ནད་གསོ་རྐྱེན་སེལ་གཏོ་ལ་བརྟེན། དུས་མིན་འབྱུང་འཁྲུགས་འཆི་བསླུ་འཚོ་བྱེད་དཔྱད་ཀྱིས་གསོ་བ་རྣམས་ནི་ཕྱྭ་གཤེན་གྱི་ཐེག་པ་དང་། གྱེར་སྒོ་བཞི་དང་སྐད་གཅོང་དགུ་ཡི་སྒོ་ནས་སྨེ་མནོལ་མི་གཙང་འབག་གྲིབ་བསལ། འདྲེ་དགུ་སྲི་དགུ་ལ་སོགས་ཐབས་ཀྱིས་ལེགས་པར་འདུལ། ས་བདག་ཀླུ་གཉན་གྱི་འགྲམ་འཁྲུག་བསྡུམ་ཞིང་མཁའ་ཀློང་དབྱིངས་གསུམ་གྱི་མ་ཚོགས་རྣམས་མཆོད་མདོས་བསྐང་རྫས་ཀྱིས་མཉེས་པར་བྱས་པའི་ལམ་ནས་བསྟན་འགྲོའི་བདེ་སྐྱིད་དང་ལེགས་པའི་ཚོགས་མཐའ་དག་འཕེལ་བར་བྱེད་པ་དང་མི་མཐུན་གུད་པ་ཐམས་ཅད་ཞི་བར་བྱེད་པ་སྣང་གཤེན་གྱི་ཐེག་པ། རྫུ་འཕྲུལ་བཅུ་གསུམ་གྱི་བརྡ་ཐབས་ལ་བརྟེན་ནས་བསྙེན་བསྒྲུབ་ལས་སྦྱོར་གྱི་གཞུང་བསྲང་སྟེ་བསྟན་པའི་དགྲ་བགེགས་མ་རུང་བ་ཐམས་ཅད་སྒྲོལ་བར་བྱེད་པ་འཕྲུལ་གཤེན་གྱི་ཐེག་པ། ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་ཐུགས་རྗེས་བཟུང་ཞིང་འདུར་ཐབས་སུམ་བརྒྱ་དྲུག་བཅུའི་སྒོ་ནས་ལུས་སེམས་གཅིག་ཏུ་བསྡུས་ཏེ་བར་ས་བདེ་ལ་ཡངས་པའི་གནས་སུ་བཀོད་པར་བྱེད་པ་སྲིད་གཤེན་གྱི་ཐེག་པ་ཞེས་འབོད་པ་དེ་རྣམས་ཡིན་ཏེ། གཡུང་དྲུང་བོན་གྱི་ཕྱྭ་གཤེན་ཐེག་པའི་མདོ་ལས། ཐོག་མར་འཇུག་པའི་རིམ་པ་ལ། །སེམས་བསྐྱེད་སྙིང་རྗེའི་གཞི་བཟུང་ནས། །འགྲོ་ལ་ཕན་པའི་སེམས་ལྡན་ཞིང་། །མོ་རྩིས་གཏོ་དཔྱད་གང་བསླབ་ཀྱང་། །མཁས་པར་བྱ་ལ་ཤེས་པར་བསླབ། །ཞེས་དང་། སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། །སྒོས་སུ་རྣམ་པར་བཞི་རུ་ཕྱེ། །པྲ་ལྟས་མོ་དང་རྣོ་མཐོང་རྩིས། །ན་གསོ་གཏོ་དང་འཆི་བསླུ་དཔྱད། །རྣམ་པར་བཞི་རུ་ཤེས་པར་བྱ། །ཞེས་གསུངས་ལ། སྣང་གཤེན་ཐེག་པའི་མདོ་ལས། སྣང་ནི་སྣང་ཞིང་སྲིད་པས་སྣང་། །གཤེན་ནི་དེ་དག་འདུལ་བས་གཤེན། །ཞེས་དང་། སྣང་གཤེན་རྩ་བའི་མདོ་དགུ་ལས། ཐེག་པ་སྣང་གཤེན་བཞེད་བསྟན་པ། །གྱེར་སྒོ་བཞི་དང་སྐད་གཅོང་དགུ། གཏང་རག་བཞི་བཅུ་རྩ་གཉིས་སོ། །ཞེས་གསུངས། འཕྲུལ་གཤེན་ཐེག་པའི་མདོ་ལས། འཕྲུལ་ནི་སྣང་ཞིང་སྲིད་པ་འཕྲུལ་བས་འཕྲུལ། གཤེན་ནི་དེ་དག་འདུལ་བར་བྱོན་པས་གཤེན། །ཞེས་དང་། འཕྲུལ་གཤེན་ཐེག་པའི་བོན་སྒོ་ལ། །སྤྱི་རུ་རྣམ་པ་གསུམ་ཡིན་ཏེ། །བསྙེན་དང་སྒྲུབ་དང་ལས་སྦྱོར་རོ། །ཞེས་གསུངས། སྲིད་གཤེན་ཐེག་པའི་མདོ་ལས། སྲིད་ནི་ཐམས་ཅད་སྲིད་པས་སྲིད། །གཤེན་ནི་དེ་དག་འདུལ་བས་གཤེན། །ཞེས་དང་། སྤྱིར་ནི་སྲིད་གཤེན་བོན་སྒོ་ལ། །ཤི་ཐབས་འདུར་ཐབས་གཉིས་ཡིན་ཏེ། །ཞེས་པའམ། བླ་ཡིད་སེམས་གསུམ་ལུས་སེམས་གཅིག་ཏུ་བསྡུས། །བར་ས་བདེ་ལ་ཡངས་པའི་གནས་སུ་བཀོད། །ཞེས་གསུངས་པ་ལྟར་རོ། །

རྒྱུའི་བོན་ཐེག་པ་བཞིའི་བྱེ་བྲག་གི་ནང་དོན་ཞིབ་ཅིང་རྒྱས་པ་གཡུང་དྲུང་བོན་གྱི་གཙུག་ལག་རྒྱ་མཚོའི་དབུས་ན་གསལ་ལ་མ་འདྲེས་པ་བཞུགས་པས་དེར་གཟིགས་པས་ཆོག་ལ་བོད་བརྒྱུད་ནང་བསྟན་པའི་གྲུབ་མཐའ་གཞན་དག་གི་རིག་གཞུང་ནང་དུའང་ཅི་རིགས་པ་མཇལ་རྒྱུ་ཡོད་པས་འདིར་བཤད་པའི་ངལ་བ་མི་བྱེད་དེ་རྩོམ་ཐུང་ཞིག་གི་ནང་ནས་བཤད་ཀྱང་མི་ཐུབ། དེ་དག་ཁམས་བོད་སོགས་བོད་ཀྱི་དགོན་སྡེ་དང་དམངས་ཁྲོད་ན་གནས་པའི་ཚུལ་དང་བོད་མིའི་སོ་ནམ་འཚོ་བ་དང་དམ་པོར་འབྲེལ་བའི་ཚུལ། བོད་ཀྱི་ཐུན་མིན་རིག་གནས་ཀྱི་ཡན་ལག་ཏུ་གྲུབ་པའི་ཚུལ། བོད་རིགས་མི་དམངས་མང་ཆེ་བའི་ཤ་དང་རུས་པའི་གཏིང་ལ་ཟུག་ནས་ཁ་བྲལ་ཐབས་མེད་པ་ཆགས་པའི་ཚུལ་སོགས་ལ་དཔྱད་ན་འདི་ལྟར་ཏེ། རང་རེ་བོད་པ་མང་ཆེ་བར་བྱ་བ་ལམ་འགྲོ་མེད་པའམ་རྐྱེན་ངན་དང་བར་ཆད་ལ་འཕྲད་པ། ནད་ཀྱིས་གདུང་བ། རང་ལ་ཕན་གནོད་ཆེ་བའི་ལས་ཀ་སྤེལ་བ་སོགས་ཀྱི་སྐབས་སུ་ཐོག་མར་བླ་མའམ་སྔགས་པ་སོགས་ཀྱི་སྐུ་མདུན་བཅར་ནས་མོ་བལྟ་བ་ཡིན། མོ་ལ་ཕྲེང་བའི་མོ་དང་། ཐག་པ་ལ་མདུད་པ་བོར་བའི་ཇུ་ཐིག་གི་མོ། ར་ལུག་སོགས་ཀྱི་སོག་རུས་ལ་བརྟག་པའི་སོག་མོ། ཤོ་མིག་ལ་བརྟག་པའི་ཤོ་མོ། ཡིག་ཆ་ལ་བལྟས་ནས་མོ་བལྟ་བ་སོགས་ཅི་རིགས་པ་ཞིག་ཡོད་མོད་མོ་ཡི་བྱེད་ལས་ནི་གནས་སྐབས་དང་རྒྱང་རིང་གི་བཟང་ངན་བརྟག་ནས་བླང་དོར་གྱི་ལུང་སྟོན་པ་དེ་ཡིན། མོ་བལྟས་པའི་འབྲས་བུར་བླང་དོར་གྱི་གནས་སྟོན་པ་ཙམ་མ་ཟད་རྐྱེན་ངན་བར་ཆད་བསལ་ཞིང་མཐུན་རྐྱེན་ལེགས་ཆ་གསོག་པའི་ཐབས་ལམ་ཅི་རིགས་ཤིག་གཏན་ལ་ཕབ་ནས་ཡོན་བདག་ལ་ལེགས་པར་སྒྲུབ་བཅུག་གི་ཡོད། དེ་ལྟར་མོ་བལྟ་བའི་ལུགས་སྲོལ་རྣམས་རྒྱུའི་བོན་ཐེག་པ་བཞིའི་ནང་གི་ཕྱྭ་གཤེན་ཐེག་པའི་པྲ་ལྟས་མོ་ཡི་རིག་གནས་ཀྱི་ཁོངས་ནས་བྱུང་བ་ཡིན། མོ་ཙམ་གྱིས་བཟང་ངན་གྱི་ཆ་མ་ངེས་པའམ་མོ་ཡིས་གསང་བ་ལྐོག་གྱུར་གྱི་གནས་ཟབ་མོ་རྣམས་ལ་བརྟག་མི་ནུས་པ་གྱུར་ན་རྩིས་བལྟ་བ་ཡིན་ཏེ། གཡུང་དྲུང་བོན་གྱི་རྒྱུའི་ཐེག་པ་བཞིའི་རིག་གཞུང་གི་ནང་དུ་ཉི་ཟླ་གཟའ་སྐར་འཁོར་འགྲོས་ཀྱི་དུས་ཚོད་གྲངས་གནས་ཀྱིས་གཞལ་ནས་ལོ་ཟླ་ཞག་དུས་དང་དུས་བཞིའི་འགྱུར་བ་རྣམས་གསལ་པོར་གཏན་ལ་ཕབ་པའི་ཞང་ཞུང་རྒན་པོའི་ངག་རྩིས་དང་གཤེན་གྱི་རྩིས་གསར་སོགས་ཡོད་པ་མ་ཟད། གསང་བ་ལྐོག་གྱུར་གྱི་བླ་ཡིད་སེམས་གསུམ་དང་སྲོག་ལུས་དབང་ཐང་ཀླུང་རྟ་ལ་སོགས་པའི་གསང་གནད་རྣམས་གསལ་བར་བྱེད་པའི་འབྱུང་རྩིས་ཀྱི་རིག་གཞུང་ཡང་རྒྱ་ཆེ་བ་ཞིག་ཡོད་པས་ཁམས་བོད་ཡུལ་གྱི་མི་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་དུ་ཀེག་རྩིས་དང་། ཚེ་རབས་ལས་རྩིས། གཤིན་རྩིས་སོགས་ཀྱི་ལམ་ནས་འདི་ཕྱིའི་ལེགས་ཉེས་ཀྱི་གནས་མང་པོ་རྟོགས་ཐབས་བྱས་ཏེ་སོ་སོའི་འདི་ཕྱིའི་དོན་ཆེན་དང་འཚོ་བའི་ལས་ཀ་ཅི་རིགས་པ་དོན་གཉེར་བྱེད་པ་དང་། མིའི་བླ་ཡིད་སྲོག་ལུས་གསོ་ཞིང་ཚེ་དང་བསོད་ནམས་དབང་ཐང་ཀླུང་རྟ་སོགས་དར་བའི་ཆོ་ག་སྣ་ཚོགས་པ་སྤེལ་བཞིན་ཡོད། དེ་ལྟ་བུའི་རྩིས་ཀྱི་རིག་གཞུང་རྣམས་ནི་བོན་པོའི་རྒྱུའི་ཐེག་པ་བཞིའི་ནང་གི་ཕྱྭ་གཤེན་ཐེག་པའི་ཁོངས་སུ་གཏོགས་པའི་རྣོ་མཐོང་རྩིས་ཀྱི་ཡན་ལག་ཡིན། དེ་ལྟར་མོ་དང་རྩིས་ཀྱིས་བཟང་ངན་ལེགས་ཉེས་ཅི་རིགས་པ་གསལ་བར་བྱས་པའི་རྗེས་སུ་མི་མཐུན་པའི་རྐྱེན་ངན་དང་། བདུད་འདྲེའི་བར་ཆད། སྣང་བ་སེམས་ཀྱི་སྡུག་བསྔལ་སོགས་བཅོས་པའམ་སེལ་བར་བྱེད་པ་ལ་ཐོག་མར་ཚེགས་ཆུང་ལ་དོན་ཆེན་འགྲུབ་པའི་གཏོ་ཆོག་གི་རིམ་གྲོ་དོན་གཉེར་བྱེད་པ་ཡིན་ཏེ། ཁམས་བོད་ཀྱི་ཡུལ་གྲུ་ཀུན་ནས་བོད་མིས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་དགོན་པ་སོ་སོ་ནས་རབ་བྱུང་ངམ་སྔགས་པ་ཅི་རིགས་པ་གདན་དྲངས་ཏེ་དད་ལྡན་གྲོང་མི་རྣམས་ལ་རྐྱེན་སེལ་དང་གེགས་ཟློག་གི་གཏོ་རིགས་འདྲ་མིན་སྣ་ཚོགས་པའི་ཆོ་ག་མཛད་རོགས་ཞུས་ནས་ལྷ་ཀླུ་བཙན་གཉན་དང་འདྲེ་སྲིན་འབྱུང་པོ་སོགས་ཀྱི་གནོད་པ་སེལ་ཐབས་བྱེད་ཀྱི་ཡོད། གཡུང་དྲུང་བོན་ལ་འབྱུང་བ་སྙིང་ཕུར་འཁྲུག་པ་བསལ་བའི་གཏོ་དྲུག་ཅུ། ཧོས་ཆ་རྟེན་འབྲེལ་བརྟག་པའི་གཏོ་དྲུག་ཅུ། པྲ་མཚན་རིག་པས་བསྣུན་པའི་གཏོ་དྲུག་ཅུ་སོགས་གཏོ་རིགས་སུམ་བརྒྱ་དྲུག་ཅུ་རུ་གྲགས་པའི་ནད་གསོ་རྐྱེན་སེལ་གྱི་གཏོ་ཡི་རིག་གཞུང་རྒྱ་ཆེ་བ་ཞིག་ཡོད་པ་དང་། རྙིང་མ་སོགས་གྲུབ་མཐའ་གཞན་དང་གཞན་རྣམས་ལ་གཏོ་ཆོག་གི་གཞུང་ཅི་རིགས་པ་ཞིག་ཡོད་པ་མ་ཟད་བོད་ཀྱི་དགེ་འདུན་པ་རྣམས་དགོན་པའི་ཆོས་སྒོར་ཞུགས་རྗེས་གཏོ་ཆོག་ལ་སློབ་སྦྱོང་བྱེད་རྒྱུ་ནི་ཕྱག་ལས་གལ་ཆེ་བ་ཞིག་ཏུ་གྱུར་ཡོད་ལ་དེ་ལྟ་བུའི་ཤེས་ཡོན་པ་ཅི་རིགས་པ་ཞིག་དགོན་པ་རྣམས་ལ་མེད་ཐབས་བྲལ་བ་ཡིན། གཏོ་བཅོས་ཀྱི་རིག་གཞུང་འདི་བོད་ལ་སྔ་ནས་ཡོད་པ་མ་ཟད་གཡུང་དྲུང་བོན་གྱི་རིགས་ལུགས་འཛིན་པ་རྣམས་ཀྱིས་རྒྱུའི་བོན་ཐེག་པ་བཞིའི་ནང་གི་ཕྱྭ་གཤེན་ཐེག་པའི་ཁོངས་སུ་བསྡུས་ནས་རྒྱུད་འཛིན་དང་དར་སྤེལ་གནང་ཡོད། ལུས་ཀྱི་འབྱུང་བ་འཁྲུགས་པ་ལས་བྱུང་བའི་རླུང་མཁྲིས་བད་ཀན་ཁྲག་ལས་གྱེས་པའི་ནད་དང་ལུས་ཕྱི་ནང་ལ་རྨས་སྐྱོན་ཐེབས་པ་སོགས་ནི་གཏོ་ཆོག་ཙམ་གྱིས་བཅོས་མི་ནུས་པས་གསོ་དཔྱད་ཀྱི་ཐབས་ལ་བརྟེན་པ་ཡིན་ཏེ། བོན་པོའི་གསོ་བྱའི་ནད་འབུམ་ནག་པོ་དང་། གསོ་བྱེད་དཔྱད་འབུམ་ཁྲ་བོ། གསོ་བའི་སྨན་འབུམ་དཀར་པོ། རྩ་བ་ཀུན་འབུམ་གོ་འབྱེད་སོགས་ལས་གྲུབ་པའི་སྨན་འབུམ་གྱི་རིག་གཞུང་ལས་བྱུང་བའི་ལུས་པོ་གསོ་བྱེད་དང་འབྱུང་བ་རང་གནས་སུ་བསྙམ་པར་བྱེད་པའི་དཔྱད་ཐབས་དང་བཅོས་ཐབས་སྣ་ཚོགས་པ་ནི་གནའ་སྔ་མོ་ནས་བོད་ལ་ཡོད་ཅིང་ད་ལྟར་ཡོངས་གྲགས་སུ་རྒྱུད་བཞི་ཞེས་འབོད་པའི་གསོ་རིག་གི་གཞུང་བླ་ན་འཕགས་པའི་ཁུངས་ཀྱང་གོང་གི་ཞང་ཞུང་ནས་དར་བའི་གསོ་རིག་འབུམ་བཞི་ཉིད་ཡིན་པ་ལྟར་རྒྱུའི་བོན་ཐེག་པ་བཞིའི་ནང་གི་ཕྱྭ་གཤེན་གྱི་ཐེག་པ་ལས་བྱུང་བའི་གསོ་དཔྱད་ཀྱི་རིག་གནས་ལ་བོད་རིགས་བློ་ལྡན་རྣམས་ཀྱིས་གཙིགས་ཆེན་གནང་བ་མ་ཟད་འཛམ་བུའི་གླིང་གི་འཚོ་བྱེད་ཁྱུ་མཆོག་མང་པོ་ཞིག་གིས་ཀྱང་ཡིད་སྨོན་མཛད་བཞིན་ཡོད།

རྒྱུའི་བོན་ཐེག་པ་བཞིའི་ནང་གི་སྣང་གཤེན་གྱི་ཐེག་པ་ནི་གཙོ་བོ་མདོས་དང་གླུད་སོགས་ཀྱི་རྣམ་བཞག་དང་ལག་ལེན་ཐབས་ཤེས་སྐོར་ཏེ། སྣང་གཤེན་ཐེག་པའི་གྱེར་སྒོ་བཞི་ཞེས་བྱ་བ་ནི་ཆབ་ནག་ཆུ་བོ་སེལ་གྱི་སྒོ་དང་། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ། དཔོན་གསས་ཕྱྭ་གཉན་གཏོ་ཡི་སྒོ་བཅས་བཞི་ལ་གོ་དགོས་ཤིང་། སྐད་གཅོང་དགུ་ཞེས་བྱ་བ་ནི་བོན་གྱི་གསང་བ་འདུས་པའི་གཞུང་ལས། ཆུ་བོ་འདྲེ་གླུད་ཕྱྭ་གཉན་སྒོ། སེང་སྟག་བྱ་འབྲུག་ངར་ལ་དྲངས། །ཞེས་བསྟན་པ་ལྟར་གཡུ་འབྲུག་ངར་སྐད་དང་། ཁྱུང་མོའི་འཚེར་སྐད། ངང་མོའི་སྟོ་སྐད། རྨ་བྱའི་སྒོ་སྐད། ཁུ་བྱུག་གསུང་སྐད། ཅོ་གའི་འགྱུར་སྐད། ནེ་ཙོའི་གཅོང་སྐད། ཕོ་རོག་ལྟོ་སྐད། སྟག་སྦྲང་གཅོང་སྐད་བཅས་དགུ་ལ་གོ་དགོས། དེ་དག་ཐམས་ཅད་ཡར་འཇིག་རྟེན་པའི་ལྷ་དང་སྲིད་པའི་གཞི་བདག་མ་མོ་སོགས་ལ་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པའི་ཡས་མདོས་ཀྱིས་མཆོད་པ་དང་། མར་འདྲེ་དགུ་སྲི་བཅུ་སོགས་ལ་རྫས་གླུད་ཀྱི་སྐྱིན་ཚབ་སྤྲོད་དེ་གནོན་པ་དག་ལ་མཁོ་བའི་རིག་པའི་གཞུང་ལུགས་དང་ལག་ལེན་ཐབས་ཤེས་ཀྱི་རྣམ་བཞག་སྟེ། རྙིང་མ་སོགས་གྲུབ་མཐའ་གཞན་དག་ལ་སྒྲོལ་མ་གཡུལ་མདོས་དང་། བཀའ་བརྒྱད་སྲི་འདུར། ཕུར་པ་སྲི་མནོན། ཆགས་མེད་ཀྱི་མདོས་སྣ་དྲུག་ཅུ་ཞེས་སོགས་ཡོད་པ་རྣམས་ཀྱང་བོད་ཀྱི་ནང་པ་སངས་རྒྱས་པའི་བླ་མ་གོང་མ་རྣམས་ཀྱིས་བོད་མི་ལ་དམིགས་བསལ་དུ་ཉེ་བར་མཁོ་བའི་མདོས་དང་གླུད་ཀྱི་རིག་གཞུང་དང་ལག་ལེན་ཐབས་ཤེས་ཉིད་དུ་མཛད་པ་ཤ་སྟག་ཡིན། ཁམས་བོད་ཀྱི་ཡུལ་གྲུ་རྣམས་སུ་བོད་མི་མང་ཆེ་བ་རྐྱེན་གེགས་དང་བར་ཆད་ངན་པ་ཅི་རིགས་པ་ལ་འཕྲད་པའམ་གཟའ་གྲིབ་གདོན་ནད་བཅོས་དཀའ་བ་སོགས་ཀྱིས་ཟིན་པ། རིམས་ནད་དང་སད་སེར་སོགས་ཀྱིས་ལུང་པ་སྡུག་ལ་སྦྱོར་བ་རྣམས་ཀྱི་སྐབས་སུ་སྲིད་པའི་ལྷ་གཉན་ཆེ་དགུ་དང་། སྒྲ་བླའི་ཝེར་མ་དཔའ་ཁྲོམ། དབྱིངས་ཀྱི་མ་མོའི་འཁོར་ཚོགས་བཅས་ལ་ཡས་དང་མདོས་ཀྱི་འདོད་ཡོན་རྫས་སྣ་ཕུན་སུམ་ཚོགས་པས་འཇིག་རྟེན་པའི་ལྷ་རྣམས་ཐུགས་དམ་བསྐངས་ཤིང་དགྱེས་པར་བྱེད་དེ་སྐྱོབ་གསོལ་ཞུ་བ་དང་། བགེགས་རིགས་འདྲེ་སྲི་རྣམས་ལ་ཕོ་གླུད་མོ་གླུད་ཆུང་གླུད་སོགས་བཏང་ནས་གེགས་རྣམས་ཟློག་ཅིང་ཞི་བར་མཛད་པ་སོགས་ཀྱི་ཆོ་ག་གྲངས་མང་བ་སྤེལ་བཞིན་ཡོད་དེ། ལྷ་ལ་ཡོན་ཕུལ་བས་སྐྱོབ། །བགེགས་ལ་གླུད་བཏང་བས་ཞི། །ཞེས་སོགས་སྣང་གཤེན་ཐེག་པའི་གདམས་ངག་ཐུགས་ལ་བཏགས་ནས་མདོས་ཡས་གླུད་ལ་སོགས་པའི་ཆོས་ལུགས་ཀྱི་མཛད་སྒོ་སྣ་ཚོགས་པ་བོན་བན་རིས་སུ་མ་ཆད་པའི་སེར་སྐྱ་འབངས་མི་ཡོངས་ཀྱིས་རྒྱུན་མ་ཆད་པར་རྒྱ་ཆེ་བར་ལག་ལེན་གནང་བཞིན་ཡོད། གཞན་ཡང་ལྷ་ཀླུ་གཉན་གསུམ་སོགས་གནས་པའི་རི་དང་མཚེའུ་སོགས་ལ་སྨེ་མནོལ་འབག་གྲིབ་ཀྱིས་གོས་པར་གྱུར་ན་བསང་མཆོད་ཁྲུས་གསོལ་སོགས་ཀྱི་ཆོ་གའི་ཐབས་ལ་བརྟེན་ནས་མི་གཙང་བ་རྣམས་བསལ་བ་དང་། ཀླུང་རྟ་མཆོད་པ་དང་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་སོགས་འབོད་ནས་མི་མཐུན་པའི་ཀླུང་ཀུན་མཐུན་པར་བསྒྲུབས། སྲོག་ལུས་དབང་ཐང་དང་ཚེ་བསོད་ཀླུང་རྟ་དར་བར་རེ་བ་རྣམས་ཀྱང་བོན་ལུགས་རྒྱུའི་བོན་ཐེག་པ་བཞིའི་ནང་གི་སྣང་གཤེན་གྱི་ཐེག་པའི་ཡན་ལག་ཡིན་པ་རྟོགས་དགོས།

བོན་པོའི་འཕྲུལ་གཤེན་གྱི་ཐེག་པའི་ནང་དོན་གཙོ་བོ་བསྙེན་བསྒྲུབ་ལས་སྦྱོར་གྱི་གཞུང་བསྲང་སྟེ་སངས་རྒྱས་བསྟན་པའི་སྤྱི་དགྲ་དང་། སྒྲུབ་གཤེན་རྣལ་འབྱོར་པའི་སྒོས་དགྲ། སེམས་ཅན་སྤྱི་ལ་གནོད་ཅིང་འཚེ་བའི་འཇིག་རྟེན་དྲེགས་པའི་དགྲ་བགེགས་མ་རུང་པ་དང་མི་སྲུན་པ་རྣམས་གཟུགས་ཕུང་ཚོགས་སུ་བསྒྲལ། རྣམ་ཤེས་ཡི་དམ་གྱི་ཐུགས་ཀར་བསྟིམ་ནས་བསྒྲལ་བ་སྟེ་དྲག་པོ་མངོན་སྤྱོད་ཀྱི་ཐབས་ཟབ་མོ་ཅི་རིགས་པའི་སྒོ་ནས་དགྲ་བགེགས་སྒྲོལ་བའི་རྗེས་སུ་སངས་རྒྱས་བསྟན་པ་དར་བ་དང་། སེམས་ཅན་བདེ་སྐྱིད་འབྱུང་བ། རྣལ་འབྱོར་པའི་དགེ་སྦྱོར་གྱི་བར་ཆད་ཞི་བ་སོགས་ཀྱི་ཡོན་ཏན་དོན་གཉེར་བྱེད་པ་ཡིན། ད་ལྟར་བོན་བན་གཉིས་ཀྱི་གྲུབ་མཐའ་སོ་སོའི་ནང་དུ་དྲག་པོ་མངོན་སྤྱོད་ཀྱི་ཆོ་ག་ལ་བསྲུང་བཟློག་བསད་པའི་ལས་སྤྱོད་དང་བསྲེག་མནན་འཕེན་གསུམ་གྱི་ལས་སྦྱོར་སོགས་ཤིན་ཏུ་མང་པོ་ཞིག་ཡོད་དེ། དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུགས་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་གནས་སྐབས་བསྟན་འགྲོ་ལ་འཚེ་བའི་དགྲ་བགེགས་མ་རུང་པ་རྣམས་འཇོམས་པའི་ཆེད་དུ་སྐུ་དྲག་པོ་འབར་བ་སྣ་ཚོགས་པའི་རྣམ་པར་ཤར་ནས་ཕྲིན་ལས་ཀྱི་རོལ་པ་ཟད་མི་ཤེས་པ་རང་བཞིན་ལྷུན་གྱིས་གྲུབ་པར་སྤེལ་བ་ཡིན་པ་གོ་དགོས་ཏེ། ཚུ་རོལ་འཇིག་རྟེན་པས་ཆགས་སྡང་གི་ཀུན་སློང་ངན་པས་མཚམས་སྦྱར་ཏེ་མི་བསད་རྟ་བརྡུང་གི་སྡིག་པའི་ལས་རྩོམ་པ་དང་གཏན་ནས་མི་འདྲའོ། །དེ་ལྟ་བུ་བསྲུང་བཟློག་མནན་སྒྲོལ་སོགས་ཀྱི་ཐབས་འཕྲུལ་སྣ་ཚོགས་པའི་དྲག་པོ་མངོན་སྤྱོད་ཀྱི་ཆོ་ག་རྣམས་ནི་བོད་མི་སྐྱ་སེར་ཡོངས་ལ་ཉེ་བར་མཁོ་བའི་ཐུན་མོང་མ་ཡིན་པའི་རིག་གནས་གལ་ཆེ་བ་ཞིག་ཏུ་གྱུར་ཕྱིན་ད་ལྟ་ཡང་གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཀུན་གྱི་དགོན་པ་དང་ཚོ་བའི་ནང་དུ་རྒྱུན་མ་ཉམས་པར་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད།

བོན་པོའི་སྲིད་གཤེན་གྱི་ཐེག་པ་ནི་མི་ཞིག་ཤི་བའི་རྗེས་སུ་དགེ་བའི་ཚོགས་བསགས་རྒྱ་ཆེན་པོ་བསྒྲུབས་ཏེ་བར་དོར་འཁྱམ་པའི་བླ་ཡིད་སེམས་གསུམ་ཐུགས་རྗེས་བཟུང་ནས་དག་པའི་ཞིང་དུ་དྲངས་པའམ་སྐྱེ་སྲིད་བཟང་པོ་ལེན་ཐབས་ཀྱི་གཤིན་པོ་འདུར་བའི་ཆོ་ག་སྣ་ཚོགས་པ་སྟེ། དེ་ཡང་ཤི་ལུགས་སུམ་བརྒྱ་དྲུག་ཅུ་ལ་འདུར་ཐབས་སུམ་བརྒྱ་དྲུག་ཅུ་སོགས་རྒྱ་ཆེ་བའི་རྣམ་བཞག་ཡོད་ཀྱང་བསྡུ་ན་རྒན་པ་རྣམས་ལ་བཀྲ་འདུར་བྱ་བ་དང་། གཞོན་པ་རྣམས་ལ་སྟག་འདུར་བྱ་བ། ཆུང་བ་རྣམས་ལ་སྲི་འདུར་བྱ་བ། གྲི་རྒོད་རྣམས་ལ་གྲི་འདུར་བྱ་བར་བཅས་བཞི་རུ་འདུས་ཤིང་། ཡོངས་གྲགས་སུ་ཕྱི་གཤོག་པ་ནག་པོའི་འདུར་གྱིས་ཚེ་འདས་གཤེད་དང་ཕྲལ། བར་གསུང་རབ་མདོའི་བདུན་ཚིགས་ཀྱིས་རིགས་དྲུག་གི་གནས་སྦྱོང་ཞིང་འཁོར་བ་ལས་དྲངས། ནང་གསང་སྔགས་དོན་གྱི་འཇུག་ཆོག་གིས་བོན་ཉིད་དབྱིངས་སུ་ལ་བཟླ་ཞིང་ཕྱིར་མི་ལྡོག་པར་བྱེད་པ་འདོད། འདིར་གཡུང་དྲུང་བོན་གྱི་སྲིད་གཤེན་ཐེག་པ་ལས་བྱུང་བའི་འཆི་ཁའི་བར་དོའི་རྣམ་བཞག་དང་བར་དོར་འཁྱམ་པའི་ཚེ་འདས་ཀྱི་རྣམ་ཤེས་ལ་ཐབས་རྒྱ་ཆེ་བའི་ཚོགས་བསགས་བཟང་པོའི་དགེ་བའི་ལམ་སྟོན་མཛད་ལུགས་སོགས་བོད་ཆོས་ལྡན་གྱི་མི་ཀུན་གྱིས་ཡིད་ཆེས་མཛད་པ་མ་ཟད། བོན་བན་གྱི་གྲུབ་མཐའ་འཛིན་པ་རྗེས་འབྲང་དད་ལྡན་མང་ཚོགས་དང་བཅས་པ་ཡོངས་ཀྱིས་ཚེ་འདས་ལ་ཐུན་མིན་བོད་ལུགས་ཀྱི་སྤུར་སྦྱོང་དང་ཤི་ཆོས་སྒྲུབ་པའི་རིག་གནས་ད་ལྟ་ཡང་བེད་སྤྱོད་གཏོང་བཞིན་ཡོད།

མདོར་ན་ཕྱྭ་གཤེན་གྱི་ཁོངས་སུ་གཏོགས་པའི་མོ་རྩིས་གཏོ་སྨན་དཔྱད་བཅས་བཞི་ལས། མོ་དང་རྩིས་ཀྱིས་ཁ་རྗེ་ཚེ་དཔལ་ལ་ཕན་གནོད་ཀྱི་རྒྱུ་རྐྱེན་ངོས་བཟུང་སྟེ་གནོད་བྱེད་ཀྱི་གདོན་རིགས་གཏོ་ཡིས་བཅོས། ནད་ཀྱི་རྒྱུ་རྐྱེན་དཔྱད་ཀྱིས་རྟོགས་ཐུབ་པར་བྱས་ནས་དེ་ལ་ཕན་བྱེད་སྨན་གྱིས་འཚོ་ཐབས་བྱ་བ་དང་། སྣང་གཤེན་གྱི་ཁོངས་སུ་གཏོགས་པར་ཕུགས་སུ་མགོན་བྱེད་ཀྱི་ལྷ་གསོལ། སྒོ་རུ་གནོད་བྱེད་ཀྱི་འདྲེ་བཀར། མི་ཡི་ཕྱྭ་དང་གཡང་འགུག དེ་ལས་གཞན་པ་ཚེ་བསྲིང་སྲོག་བསྐྱབ་པ་སོགས་བྱེད། འཕྲུལ་གཤེན་གྱི་བོན་གྱིས་བསྟན་པ་དང་འགྲོ་བ་ལ་གནོད་ཅིང་འཚེ་བའི་བདུད་སྲིན་ལོག་འདྲེན་གྱི་ཚོགས་ཐམས་ཅད་མནན་བསྲེགས་འཕངས་གསུམ་སོགས་སྤྱོད་པ། སྲིད་གཤེན་གྱི་བོན་གྱིས་གཤིན་པོ་བདེ་གནས་སུ་འདྲེན། ཟ་འདྲེ་ཤི་གཤེད་ཕྲལ། གསོན་པོ་བཀྲ་ཤིས་པའི་ཆོ་ག་ལ་བརྩོན་པ་སོགས་ཚུལ་འདི་རྣམས་བོད་ཁམས་ཡོངས་ལ་དར་ཁྱབ་ཤིན་ཏུ་ཆེ་ཞིང་བོད་མིའི་ཁྱད་པར་ཅན་གྱི་གོམས་གཤིས་དང་ཐུན་མོང་མ་ཡིན་པའི་རིག་གནས་སུ་གྱུར་བ་མཐོང་ཆོས་མངོན་གྱུར་ཡིན། འདི་ལྟར་བོད་རང་གི་རིག་གནས་དང་ཆོས་སྤྱོད་ཐུན་མོང་མ་ཡིན་པ་སྣ་ཚོགས་པའི་མགོ་ཁུངས་གང་ལ་ཐུག་ཙམ་ཡང་མི་གོ་བར་ཐམས་ཅད་ཨ་ཙ་རའི་རིག་བྱེད་ཀྱི་གཏམ་རྒྱུད་ཙམ་ལ་ཁུངས་བཅོལ་ནས་ཐུགས་སྒམ་མདོག་དང་གདེང་ཡོད་མདོག་བྱས་ན་བླུན་པོ་ཁྱུ་ཅིག་རྨོངས་དད་ཀྱི་སྤུ་ལོང་གཡོ་སྲིད་ཀྱང་རིགས་པ་སྨྲ་བ་རྣམས་བཞད་གད་འཆོར་བར་ཐེ་ཚོམ་མི་དགོས། དེ་བས་བོད་རང་གི་རིག་གནས་ཀྱི་རོ་དང་བྲོ་བ་ཕུན་སུམ་ཚོགས་པའི་གཙུག་ལག་གི་ཆ་ཤས་འདི་ལྟ་བུ་ཡང་ཐོག་མར་གང་ནས་བྱུང་། བར་དུ་ཅི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱས། མཐའ་མར་གང་དང་གང་མ་ནུབ་པར་ལྷག་ཡོད་སོགས་ལ་བརྟག་དཔྱད་དྲང་པོར་མཐིལ་ཕྱིན་པ་རེ་བྱ་བ་ཤིན་ཏུ་གལ་ཆེ་བར་མཐོང་ནས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་རྩོམ་ཐུང་འདི་བྲིས་པ་ཡིན། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1