༄༅།། མཛའ་གླུ།

དཔའ་རྩེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 10-24


ཉི་འོད་འཇམ་འཇམ་གྱི་ཁྲོད་དུ། །

དཔྱིད་འགོའི་མེ་ཏོག་ནི་བཞད་བྱུང་། །
གཞོན་པའི་སྨིན་མཚམས་ཀྱི་བར་ན། །
གསང་བ་ག་ཚོད་ཅིག་སྦས་སམ།།

མཛའ་ཞེན་སེམས་མཐུན་གྱི་རི་མོ། །
ཨ་འགྲིག་ཆ་འགྲིག་ཅིག་བྲིས་ཡོད། །
འགྱུར་མེད་དམ་ཚིག་གི་གཏམ་ལན། །
ཀ་མིན་ཁ་མིན་ཞིག་མ་གསུངས།།

ཆུ་ཕྲན་ཤག་ཤག་གི་རྒྱུན་དུ། །
ཉ་མོ་འཁྱུག་འཁྱུག་གིས་རྩེན་བྱུང་། །
རྨི་ལམ་སྐྱིད་སྐྱིད་ཀྱི་ཁྲོད་དུ།།
ཆུང་འདྲིས་ལྷུག་ལྷུག་གིས་འཛུམ་བྱུང་། །

ཕར་ལ་ཚིག་གསུམ་ནི་སྦྲན་པས། །
མགོ་ལྕོག་ལྡེམ་ལྡེམ་ནི་བྱས་སོང་། །
འགྱུར་མེད་ཚེ་གཅིག་གི་གྲོགས་སུ། །
དམ་བཅའ་དགུ་མདུད་དུ་སྦྲེལ་ཡོད། །

གཞོན་པའི་སེམས་གཤིས་ཀྱི་འགྱུར་བག །
སྟོན་མཇུག་གནམ་ངོ་དང་འདྲ་ཡི། །
ཡིད་སེམས་སྤང་ཐང་གི་ངོས་སུ། །
དགའ་སྐྱོའི་ཁ་ཆར་གཉིས་ཕབ་སོང་། །

ཕར་ལ་གོམ་གསུམ་ནི་སྤོས་སོང་། །
ཕྱིར་མིག་ལན་གསུམ་དུ་གཟིགས་བྱུང་། །
སྤྱན་མིག་སྦྲེལ་མཚམས་ཀྱི་བར་ནས། །
སེམས་པ་སྨུག་སྤྲིན་གྱིས་དཀྲིས་བྱུང་། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1