མི་ཚེ།

ནུབ་རླུང་། ( མཚོ་སྔོན། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-27


སྔ་དྲོའི་ཉི་སེར་ལྕུག་ཕྲན་ཡལ་ཀར་ཕོག་པ། །
བྱམས་པ་འཛུམ་པའི་ཚེམས་ཕྲེང་ལས་ཀྱང་ཡག་སོང་། །
མཚན་གྱི་འདས་དོན་དྲན་པའི་གཞོན་ནུ་ཕོ་མོར། །
ད་དུང་འཁང་བའི་གཏམ་རྒྱུད་ཅི་ཞིག་ལྷག་ཡོད། །
དཔྱིད་ཀྱི་ལག་པ་འཇམ་པོས་ང་ལ་རེག་པས། །
སེམས་ཀྱི་དུར་སར་རེ་བའི་མྱུ་གུ་འབུས་ཀྱང་། །
གནས་སའི་གཞི་ལ་ཤོ་རྡེའུ་དཀར་ནག་འཇོག་མཁན། །
ཁྲམ་པ་དེ་ཚོ་ས་དང་རྡོ་རུ་འགྱུར་ཤོག།
སྤྲིན་དཀར་རྒྱུ་བའི་ཕྱོགས་སུ་དུད་པ་བཏང་སྟེ། །
ཆར་གྱི་གཡབ་མོ་བྱེད་པར་དགོད་ཁ་འཆོར་ཡང་། །
ཁོལ་ཡངས་སྤང་གི་གཞི་ལ་སྐྱེས་པའི་མེ་ཏོག།
ཙད་ཀྱིས་གདུང་བ་མཐོང་བས་སེམས་འདི་སྐྱོ་བ། །
ཕར་ཕྱོགས་རི་དག་མཐོ་བ་མཁའ་རུ་ཟུག་འདུག།
ཐང་དཀར་རྒོད་ཀྱི་མཐོང་ན་གཤོག་རྩ་འདར་ཡོང་། །
སྐྱི་བསེར་རླུང་བུ་མཐུན་པའི་གྲོགས་སུ་བཀུག་ན། །
ཕུགས་ཀྱི་མདུན་པར་ཞོགས་པའི་ཉི་ཟེར་ཕོག་ངེས། །
ལ་ལུང་འགྲིམས་པའི་གནའ་གཏམ་དྲི་མ་ཅན་དག།
སུ་ཞིག་དགྱེས་པའི་མཆོད་ཆུ་བསིལ་མོ་མ་རེད། །
རྩི་རྐང་རེ་རེའི་དབུ་ན་འོད་དུ་འཚེར་བའི། །
ཟིལ་བ་དྭངས་མོས་ལང་ཚོའི་ཞོགས་པ་འགུག་ཐུབ། །
ཚེ་གཅིག་ལས་ཀྱི་ཚོན་སྣ་དཀར་དམར་ཁྲ་གསུམ། །
གང་ཞིག་ཤུགས་ཆེར་འགོས་ཀྱང་ཞོལ་ཐབས་མེད་འདྲ། །
ཤེལ་གྱི་ཕོར་བར་སྦངས་བའི་ཇ་ལོ་མངར་མོ། །
ཧུབ་གང་འཐུང་རྒྱུ་བྱུང་བ་འདི་ཡང་སྐྱིད་པ། །
མི་ཚེའི་ཞོགས་པར་བྱུང་བའི་དགའ་སྐྱོའི་འཚོ་བ། །
གཡོ་དང་སྒྱུ་མས་གཏད་པའི་གནོན་ཤུགས་ཆེ་ཆུང་། །
དལ་ཙམ་འཇགས་པའི་ཞོགས་པ་གསར་བ་ཞིག་ལ། །
ཤ་རུས་ཁྲག་གསུམ་ལྷོད་དུ་བབས་ནས་བྲིས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1