སྤྲིན་དཀར་མནབས་པའི་འགྲུལ་བཞུད་པ།

ཟླ་གཞོན ། ( མཚོ་སྔོན། ) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-27


ངའི་འཇིག་རྟེན་འདིར།
ཁྱེད་ནི་བསིལ་ཞིང་འཇམ་པའི་ཟླ་བ་ཞིག
བརླན་ཞིང་གཤེར་བའི་སྦྲང་ཆར་ཞིག
དལ་གྱིས་ལྡང་བའི་རླུང་བུ་ཞིག
དྲོད་ལམ་ལམ་གྱི་འོད་གོར་ཞིག
སྙན་ལྷང་ལྷང་གི་ཁུ་བྱུག་ཅིག
ཡང་ན།
མེ་ཏོག་རེད།    གཡུ་སྦྲང་རེད།
ལྗང་བུ་རེད།    འཇའ་ཚོན་རེད།
ཡང་ན་དབྱར་གཞུང་རེད།
ངའི་མི་ཚེ་དང་འཚོ་བའི་དབྱར་གཞུང་གི་ཉི་མ་རེད།
ལོ་ཟླ་རྒས་སོང་།
སེམས་དང་སེམས་པར་བརྩེ་བའི་མེ་ལྕེ་འབར་སོང་།
སྙིང་གི་རྩ་ཆེན་དུ་རྒྱུ་བའི་ཟུངས་ཁྲག་གི་བཞུར་རྒྱུན་མ་འགག་བར་དུ།
ངས་ཁྱེད་ཀྱི་བཀའ་དྲིན་དང་བརྩེ་བ།
ཟས་ལ་ཚྭ་བཏབས་མེད་པ་བཞིན་བརྗེད་པར་མི་སྲིད།
ཇ་འཐུང་དུས་ངས་བཅུད་རྩི་ལྟ་བུའི་ཁྱོད་རང་དྲན་བྱུང་།
ཆང་འཐུང་དུས་ངས་དྭངས་གཙང་གི་ཆུ་བོ་ལྟ་བུའི་ཁྱོད་རང་དྲན་བྱུང་།
ཁྱེད་ནི་ཆེས་སྙིང་དུ་སྡུག་པའི་བུད་མེད་ལྟར་བརྗེད་པར་མི་སྲིད།
ངའི་ཟུངས་ཁྲག་གི་འབབ་རྒྱུན་ཆད་ནས་རུས་པ་དཀར་པོ་ས་ལ་འཐིམ་ཡང་།
ངའི་རྣམ་ཤེས་ཀྱིས་ཁྱེད་ཀྱི་བཀའ་དྲིན་དང་ལྷག་བསམ་བརྗེད་པར་མི་སྲིད།
ཁྱེད་ནི་འཛམ་གླིང་གི་ཉི་མ་མིན་ཡང་།
ཁྱེད་ནི་ངའི་འཇིག་རྟེན་གྱི་ལམ་སྟོན་ཡིན།
ཁྱེད་ནི་དུས་མཐའི་མགོན་སྐྱབས་མིན་ཡང་།
ཁྱེད་ནི་ངའི་བསམ་བློ་དང་འཚོ་བའི་རྒྱབ་རི་ཡིན།
མུན་པའི་གཏིང་རིམ་ནས་སངས་བའི་ཁྱེད།
བློ་གྲོས་དང་རིག་པའི་ཡེ་ཤེས་རྒྱས་པའི་ཁྱེད།
མེས་པོའི་བླ་མཁར་དང་དུར་སའི་མཐའ་བསྲུང་བ་རེད།
ཁྱེད་ཀྱི་བཞུད་ལམ་ནི་ནམ་མཁའ་ཡིན་པར་སྨོན།
ཁྱེད་ཀྱི་རྐང་རྗེས་དུས་མཐའི་རྡོ་རིང་ལ་དཔར་བར་སྨོན།
ཁྱེད་ཀྱི་འདུག་མལ་གོ་ལའི་ཡང་རྩེ་ཡིན་པར་སྨོན།
ང་ཡི་སྤྲིན་དཀར་མནབས་པའི་འགྲུལ་བཞུད་པ།  


རྩོམ་ཡིག་སྔོན་མ།
མི་ཚེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1