སེམས་ཁྲལ་ལྷག་མ།
ཐོ་ཡོར།(དཀར་མཛེས།) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-27
མཐའ་མེད་པའི་རྩ་ཐང་འདིར་སེམས་ཆགས་ས་ཞིག་མེད་པར་ལྟར།
ཅི་ཡང་མི་དྲན་པའི་དུས་ཚིགས་ལ་མཐའ་མེད།
སྙན་ངག་བྲིས་པའི་ལོ་གསུམ་རིང་ལ།
མིག་འོག་གི་ཐ་སྙད་རེ་ལ་རྨང་ནས་འཁྲུལ་བའི་ས་བོན་རེ་བཏབས།
མིག་གཉིས་བཙུམ་དེ་མལ་ཁྲིའི་སྒང་ནས།
རང་ལ་བློ་ཉེ་བའི་རྨ་ཤུལ་ཞིག་བཙལ།
ང་རང་གཅིག་པུ་རང་དབང་མེད་པར།
ཁང་བརྩེགས་ཀྱིས་བཅིར་དེ་ཉིན་དཀར་ཀྱི་མུན་པར་ལྷུང་།
མིང་མི་ཤེས་པའི་གཞས་མ་དེའི་གཞས་ནི།
མིང་མི་ཐོགས་པའི་རྨ་ཁ་འཇམ་པོ།
རྨང་ནས་འཁྲུལ་བའི་ལམ།
ཟླ་དྲུག་པའི་ཁ་བ།
དགུན་གྱི་ཆར་བ།
མཚམས་ཤིག་ལ།
ཅི་བྱ་གཏོལ་མེད་ཀྱི་སྣང་བ།
འཁོར་བའི་ཆོས་ཀྱི་སྙིང་བོ།
ཞེན་ཆགས་ཀྱི་བུམ་པ་ས་ལ་ལྷུང་བའི་སྒྲ།
རླངས་འཁོར་འབབ་ཚིགས་ལ་ཐོན་རག་བར།
འཇིག་རྟེན་འདི་ནས་ཁྱོད་རང་ངོ་ཤེས་པ་ལྟ་བུ་ཞིག་བྱུང་།
ཉི་མོར་དེར་ང་ལ་མི་ཞིག་སྒུག་ཡོད་པའི་སྣང་བ་ཞིག་སྐྱེ་བྱུང་།
གཞས་དེའི་མཁའ་དབུགས་ཁྲོད་དུ་ཅི་ཡང་འཛོམས་མོད།
ང་ལ་ཁྱོད་ཕྱིར་ལོག་ཐུབ་མེད་པའི་སྣང་བ་ཞིག་འདུག
སྤྲིན་པ་སྲབ་མོས་ངོ་གདོང་ཡང་ཡང་རློན་པ་བྱས་ཀྱང་།
གཞས་ཀྱི་གཏིང་མཐའ་ལོན་ཐབས་ཤིག་མི་འདུག
རླངས་འཁོར་འབབ་ཚིགས་དང་གྱེས་ནས་རིང་དུ་སོང་།
མདུན་གྱི་ནམ་མཁར་ལག་སྙོབས་བྱས་ན་ཁྱོད་ཀྱི་ལག་པར་འཇུ་ཐུབ་བམ།