གྲངས་མེད་བསྐལ་པའི་ཚོགས་གཉིས་ཤིང་རྟ་ལས། །ལེགས་པར་དྲོངས་བའི་ཕྲིན་ལས་གཟི་འོད་ཅན། །མཚན་དཔེའི་སྐུ་མངའ་སྟོན་པ་མཉམ་མེད་མཆོག །སངས་རྒྱས་ཉི་མ་དེ་ལ་བདག་ཅག་དད། །དེའི་གསུང་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་གིས། །གཉེན་པོ་བཀའ་ཡི་དགོངས་པ་རང་དབང་དུ། །འགྲེལ་མཛད་འཕགས་བོད་སྐྱེས་ཆེན་དམ་པ་སྟེ། །མཁས་གྲུབ་ལོ་པཎ་ཚོགས་རྣམས་ཕྱག་གི་ཡུལ།།མི་གྲལ་ལྐུགས་པའི་བརྟུལ་ཞུགས་མི་འཛིན་པར། །རྫུན་དང་གཡོ་སྒྱུའི་ཟོལ་གྱིས་མ་སྦགས་པ། །མཁས་འདོད་གྲགས་པའི་དྲེགས་པ་རིང་དོར་ནས། །དྲང་པོའི་ངག་ལས་བདེན་པའི་གཏམ་ཞིག་མོལ། །ཞེས་ཚིགས་སུ་བཅད་པས་མདུན་བསུས་ནས་གང་གླེང་བ་བྱ་བ་ནི། དེང་གི་དུས་འདིར་བོད་གངས་ཅན་ལྗོངས་འདི་ཉིད་མ་ཚད་རྒྱལ་ཕྱི་ནང་ཀུན་ཏུ་གྲགས་སྙན་གྱི་དབྱར་རྔ་ཕྱོགས་ཀུན་ལྡིར་ཞིང་། དད་གསུམ་གྱི་ཕྱག་པད་སྙིང་གར་ཟུམ་སྟེ་གཏན་གྱི་འདུན་མ་དང་། ལེགས་ཉེས་ཐམས་ཅད་བཅོལ་བའི་གནས་གཅིག་པུ། རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་ཤར་བའི་སྤྲུལ་པའི་སྐུ་གྲངས་ལས་འདས་པ་ཞིག བསྟན་པ་དང་འགྲོ་བའི་དོན་དུ་སྤྱང་ཀི་ཤ་ལ་རྔམ་པ་ལྟར་བྱོན་དང་འབྱོན་བཞིན་པ་ནི། གདུལ་བྱ་དུས་སུ་སྨིན་པར་གཟིགས་པ་ལགས་པས་བསྙོན་དུ་ཅི་ཡོད། འོན་ཀྱང་འདི་ལ་ཅུང་ཟད་ཅིག་དཔྱད་ན། སངས་རྒྱས་ཀྱི་ཕྲིན་ལས་དངོས་ཡིན་ན་བཀའ་མདོ་རྒྱུད་ཀྱི་དགོངས་པ་ལྟར། སྤྲུལ་སྐུ་ཞེས་པ་དེ་ཆོས་ལོངས་སྤྲུལ་གསུམ་གྱི་ཟླས་ཕྱེས་པའི་ནང་ཚན་སྤྲུལ་སྐུ་དེ་ཡིན་པར་གདོན་མི་ཟ་བས། དེའང་སྐུ་གསུམ་གྱི་ཆེ་བའི་ཡོན་ཏན་མདོ་ཙམ་ཞིག་སྨོས་ན། ཆོས་སྐུ་ཞེས་པ་དེ་ཕྱི་ནང་གི་ཆོས་རྣམས་ཀྱི་གནས་ལུགས་ཕྱིན་ཅིང་མ་ལོག་པ་སྐྱེ་འགག་དང་། རྟག་ཆད་འགྲོ་འོང་གཅིག་ཐ་དད་སོགས། ངོ་བོ་གང་དུའང་མ་གྲུབ་པར་རྣམ་པར་ཇི་ལྟར་བཙལ་ཡང་མ་རྙེད་པའི་རང་བཞིན། སྤྲོས་པ་སོ་གཉིས་དང་བྲལ་བ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་ཉིད་འཕགས་པའི་མཉམ་བཞག་ངང་། འཛིན་སྟངས་ཐམས་ཅད་ཡོངས་སུ་ཞིག་ཏེ་ཡོན་ཏན་ཐམས་ཅད་འཆར་བའི་གཞི་ལགས་པས། དེ་ཉིད་མངོན་སུམ་དུ་རྟོགས་པ་ལ་ཆོས་སྐུའི་དགོངས་པ་རྙེད་ཞེས་བརྗོད་དེ། གང་ཡང་མ་མཐོང་བ་ཉིད་དེ་མཐོང་ཡིན་ཞེས་གསུངས་སོ། །དེ་ལྟར་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་ཏེ་ཉིད་ལས་མི་གཞན་པའི་རང་སྣང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ། ལོངས་སྤྱོད་རྫོགས་པའི་སྐུ་ཡིས་བཀོད་པ་ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་ཀྱི་གྲངས་ལས་འདས་པའི་སྐུའི་བ་སྤུས་ཁུང་བུ་རེ་རེའི་གོ་ས་ན། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བརྒྱར་འགྱེད་པའི་སྐུ་རྣམ་པར་སྣང་མཛད། གསུང་འོད་དཔག་མེད། ཐུགས་མི་བསྐྱོད་པ། ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲིན་ལས་དོན་ཡོད་གྲུབ་པ་སོགས་རྒྱལ་བ་རིགས་ལྔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལ་མངའ་བརྙེས་པར་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་ངོས་འཛིན་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་ལས་མ་གཡོས་བཞིན་རང་བྱུང་རིག་པའི་ཡེ་ཤེས་ཀྱི་རང་རྩལ་འགག་མེད་ཀྱི་ངང་ མཁྱེན་བརྩེ་ནུས་གསུམ་གྱི་རང་བཞིན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུའི་ཡོན་ཏན་རང་ཆས་སུ་མངའ་བའི་སྐུ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། གསུང་གཅིག་ཉིད་དུ་གསུང་མོད་ཀྱང་། །དུ་མ་ཉིད་དུ་གོ་བར་འགྱུར། ཞེས་པ་ལྟར་གསུང་གཅིག་གིས་འགྲོ་བའི་རྒྱུད་ཐ་དད་པའི་ཁམས་དབང་བསམ་པ་བག་ལ་ཉལ་སོགས། གདུལ་བྱ་རང་རང་གི་སྐད་དང་སྐལ་བ་རྗེས་སུ་མཐུན་པའི་གཉེན་པོ་འཆོས་སྐྱོབ་ཀྱི་ཡོན་ཏན་དུ་མ་དང་ལྡན་པའི་གསུང་དང་། ཟག་པ་མེད་པའི་ཐུགས་རྣམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཤེས་བྱའི་དེ་ཁོ་ན་ཉིད་ཇི་ལྟ་བ་དང་། ཇི་སྙེད་ཀྱི་དོན་སྔོན་དང་ཕྱི་མའི་མཐའ་སྐད་ཅིག་བསྐལ་པ་སོགས་མཁྱེན་པའི་ཡེ་ཤེས་གཅིག་ཏུ་ཟླུམ་པའི་རྡོ་རྗེའི་ཐུགས་དང་ལྡན་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་བསླབ་པ་ལམ་གྱི་གནས་སྐབས་སུ། ཐུགས་བསྐྱེད་དང་སྨོན་ལམ་དུས་ལས་མི་ཡོལ་བར་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། གདུལ་བྱའི་རྒྱུད་ལ་ཕྲིན་ལས་ཀྱི་འཇུག་པ་རྟག་ཁྱབ་རྒྱུན་མི་ཆད་པར་འབད་མེད་ལྷུན་གྱིས་གྲུབ་པར་མཛད་པའི་རབ་དགའི་ས་ཡིས་རྟོགས་པ་མངོན་དུ་གྱུར་པ་ཡན་ཆད། ས་ཐོབ་ཀྱི་སེམས་དཔའ་ཁོ་ནར་ངོས་འཛིན་བྱེད་སའི་གཞི་ལགས་པ་དང་། ཇི་སྐད་བཤད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་སྤྲུལ་པ། བཅོམ་ལྡན་འདས་ཉིད་ཀྱི་ལུང་བསྟན་པའི་འཕགས་ཡུལ་གྱི་གྲུབ་ཐོབ་བརྒྱད་ཅུ་དང་། གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས་སོགས་དང་། བོད་ཡུལ་འདིའང་མཁན་སློབ་ཆོས་གསུམ་དང་། རྗེ་འབངས་ཉེར་ལྔ་། མར་མི་དྭགས་གསུམ། གོང་མ་རྣམ་ལྔ། རྗེ་ཡབ་སྲས་གསུམ་སོགས་སྒྲུབ་རྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ལས་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞིའི་གྲུབ་མཐའ་སོ་སོའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ནམ་མཁའི་རྒྱུ་སྐར་གྱི་གྲངས་ལས་འདས་པ་ཞིག་བྱོན་ཏེ། མཁའ་ལ་བྱ་ལྟར་འཕུར་ཞིང་། རི་རབ་ལ་ཟང་ཐལ་དུ་འཛུལ་ཏེ་དངོས་མེད་དངོས་པོར་བསྒྱུར་བ་དང་། དངོས་པོ་དངོས་མེད་དུ་བསྒྱུར་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་དང་མངོན་ཤེས་ཐོགས་པ་མེད་པར་གྲུབ་པའི་རྟགས་དང་། མཚན་མའི་མཐོང་སྣང་དུ་གྱུར་པའི་སྤྲུལ་པ་ངོ་མཚར་རྨད་དུ་བྱུང་བའི་མཛད་རྗེས་ད་ལྟའི་བར་དུ་ཡོད་ལ། དེ་དག་གིས་རྣམ་ཐར་རིང་དུ་དོར་ནས་སྐྱེས་སྦྱོང་གི་ཡོན་ཏན་རྡུལ་ཙམ་མེད་པའི་གང་ཟག་རང་དགའ་བ་ཞིག་ལ་མིང་ཆེན་པོ་ཞིག་གདགས་པར་གྱུར་ན། འཇམ་མགོན་ས་པཎ་གྱིས་ནོག་དང་ལྐོག་ཤ་མེད་ན་ཡང་། །ཡ་སོ་ཅན་གྱི་བ་གླང་ཡིན་གསུངས་པ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་བསྒྲུབ་པའི་ལས་ལ་དམན་ཞིང་། གནོད་པ་དུ་མ་འཕེལ་བའི་རྒྱུ་ཁོ་ན་ལས་གཞན་གང་ཡང་མེད་དོ། །མདོར་ན་སྤང་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་སངས་རྒྱས་ཤིག་ལ་སྤྲུལ་སྐུ་ངོས་འཛིན་དགོས་པ་ལས་ཡོན་ཏན་གང་ཡང་མེད་པའི་གང་ཟག་རང་ག་བ་ཞིག་ལ་ངོས་འཛིན་ཏེ་མཚན་གང་ལེགས་ལེགས་ཇི་ལྟར་གསོལ་ཡང་། དོན་དུ་སྙིང་པོ་གང་ཡང་མེད་དོ། དེ་ལྟར་སྟོན་པ་བཀའ་དྲིན་ཅན་གྱིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་བྱི་དོར་བྱེད་པའི། རྒྱུན་ལྡན་གྱི་སྡོམ་བརྩོན་དམ་པ་དགེ་བའི་བཤེས་གཉེན་འདོད་ཆུང་ཆོག་ཤེས་འཕགས་པའི་རིགས་ཤིག་ཡིན་ན། དེ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབས་པ་དང་། ཐུགས་ཀྱི་རྣམ་འཕྲུལ་ཞིག་ཏུ་ངོས་འཛིན་ན་སུས་ཀྱང་བསྙོན་དུ་མེད་ལ། དེ་ལྟར་མ་ཡིན་པར་མིང་ཙམ་ལ་ཞེན་ནས་རང་ཉིད་སྙན་གྲགས་དང་ལོངས་སྤྱོད་ཁོ་ནའི་ཆེད་དུ་ཐུགས་མཉམ་པར་བཞག་སྟེ། ཐོས་བསམ་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ་སོགས་སྐྱེས་སྦྱོང་གི་ཡོན་ཏན་གང་ཡང་མེད་པར་གཞན་དོན་ལ་ཁ་གཡར་ནས། དོན་དུ་རང་འདོད་ཀྱི་འཁྲི་བ་བཟོད་དཀའ་བ་ཞིག་སྙིང་ལ་བརྣག་སྟེ། སྲིན་བུའི་ཁ་ཆུས་རང་ལུས་འཆིང་བ་ལྟར་རང་ཉིད་ཀྱིས་ཐར་པའི་སྲོག་རྩ་འབྱིན་པར་བྱེད་པའི་སྔོན་སོང་གི་རྒྱུ་ཉེ་བར་སྒྲུབ་སྟེ། ཐ་སྙད་ཙམ་ལ་ཞེན་ནས་ཡིད་ཆེས་པ་འདིས་ཐོག་མ་མེད་པ་ནས་ཕུང་བར་ད་དུང་མ་ཤེས་པར། རང་གིས་རང་བསླུས་པ་འདི་ལས་བསླུ་ཚབས་ཆེ་བ་ཞིག་ཡོད་པ་མ་ལགས་སོ། །
དམ་བཅའ་འཇོག་བཞིན་པ། ཚེ་རིང་ཐར་གྱིས་པར་བླངས།
辩经 图 / 泽让闼
གལ་སྲིད་ནོར་ལོངས་སྤྱོད་ལ་སྙིང་པོ་ཞིག་ཡོད་ན། སྟོན་པ་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་མ་གཟིགས་པར་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དོར་བར་དོན་མེད་པ་ཉིད་དུ་ཅིའི་ཕྱིར་དུ་མི་འགྱུར། མདོར་ན་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འཇུག་ཞིག་ཡིན་ཕྱིན་ཆད་བསྟན་པའི་འཁོར་ལོ་རྣམ་གསུམ་སྟེ། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལ་འཇུག་པ་ལས་གཞན་འཇིག་རྟེན་གྱི་ལྟ་སྤྱོད་ལས་འདས་པ་ཁོ་ན་ཞིག་མ་གཏོགས། ཆོས་དང་འཇིག་རྟེན་ལྷན་ཅིག་ཏུ་བདག་ཅག་གི་སྟོན་པས་ཀྱང་འགྲུབ་པར་མ་མཁྱེན་པས། དེང་དུས་བླ་སྤྲུལ་སེར་མོ་བ་མང་ཆེ་བས་ཁྱིམ་པའི་ལས་འབད་པ་ཁོ་ནས་དུས་འདའ་བ་སྣང་ངོ་། འདི་ལ་བརྗོད་དགོས་པ་མང་ཡང་ཡིག་ཚོགས་མང་བར་དོགས་པས་གཞན་དུ་བརྗོད་པར་བྱའོ། གང་ལྟར་ཡང་རབ་ཏུ་བྱུང་ན་སྤྲུལ་སྐུ་དེ་མིང་དོན་དང་འབྲེལ་བའི་གྲུབ་པའི་རྟགས་དང་། དུས་གསུམ་མཁྱེན་པའི་མངོན་ཤེས་ཐོགས་པ་མེད་པའི་ཡོན་ཏན་གྱིས། འགྲོ་བའི་རྒྱུད་ཡོངས་སུ་སྨིན་པའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ཞིག་མངའ་བ་ལ་རག་ལས་པ་དང་ཚད་བཟུང་བ་ཞིག་ངེས་པར་དགོས་ལ། དེ་ལྟར་མེད་རུང་རྒྱལ་བའི་ཕྲིན་ལས་ཀྱི་ཐུགས་རྗེ་དང་། བྱིན་རློབས་འཇུག་པའི་རྒྱུ་ཡི་གཙོ་བོ་ལུང་རྟོགས་ཀྱི་ཡོན་ཏན་ལ་རང་བྱན་ཚུད་པའི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ན། དེ་ཉིད་ངེས་པར་དོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་རོལ་ཞིག་ངོས་འཛིན་ན་མ་ཆོག་པ་མེད་ལ། སྔོན་གྱི་སྤྲུལ་སྐུ་གོང་མ་རྣམས་དང་དེང་སང་དེ་རྣམས་ཀྱི་ཡང་སྲིད་དང་བསྡུར་ན། ཕྱོགས་གང་ནས་ཀྱང་གོང་མ་དེ་དག་གི་ཡོན་ཏན་གྱི་ཆ་ཙམ་ཡང་གཞལ་དུ་མ་མཆིས་པས། དོན་དངོས་ཐོག་དེང་སང་གི་ཡང་སྲིད་དེ་དག་ཇེ་ཡག་ཇེ་བཟང་དུ་མ་སོང་ནའང་། ཇེ་སྡུག་དུ་འགྲོ་བ་འདི་དོན་འདིར་བསམ་ན་དེ་དག་ལ་ཡིད་ཆེས་ཀྱི་ཁུངས་གང་ཡང་མི་འདུག སྔོན་གྱི་གོང་མ་དེ་དག་ལ་དུས་གསུམ་མཁྱེན་པའི་མངོན་ཤེས་དང་རྫུལ་འཕྲུལ་གང་ལ་ཡང་། ཐོགས་པ་མེད་པའི་རྟགས་དང་མཚན་མ་སྟོན་རྒྱུ་ཡོད་པས་དེ་དག་གིས་ཡང་སྲིད་སྤྲུལ་པ་ཞིག་དངོས་ཡིན་ན། གོང་མ་ལས་ལྷག་པའི་ཡོན་ཏན་ཞིག་མེད་ན་ཡང་ཇེ་སྡུག་དུ་འགྲོ་བ་འདིར་སུ་ཞིག་ཡིད་ཆེས་པར་གྱུར། སྔོན་གྱི་གོང་མ་རྣམས་ཀྱི་ཐབས་དང་གོ་སའི་མིང་གི་ལྷག་མ་ཙམ་དུ་འཛིན་པ་ལ། ཡིད་ཆེས་ཀྱི་རེ་ལྟོས་བྱེད་དགོས་ན་གང་ཟག་སུ་ལ་ཡང་མིང་དེ་འདོགས་ཆོག་ཆོག་ལགས་པས་དོན་དུ་ཡོན་ཏན་གྱི་ཁྱད་པར་ལ་རགས་ལས་དགོས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་བླ་མ་དེ་ཡང་དུས་གསུམ་མཁྱེན་པའི་མངོན་ཤེས་ཐོགས་པ་མེད་པའི་ཡོན་ཏན་ལ་རང་དབང་འབྱོར་བའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཞིག་དགོས་པ་མ་གཏོགས། རང་འདོད་ཀྱི་ལོང་བས་ལག་སྙོབ་ལྟར་ཚོད་བགམ་གྱི་བྱ་བ་ལ་ཡིད་ཆེས་རྙེད་པའི་ཁུངས་གང་ཡང་མེད། གལ་སྲིད་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པ་ཞིག་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བྱོན་ཡོད་ན། དེ་དག་ངོས་འཛིན་མ་བྱས་ཀྱང་བལྟམ་མ་ཐག་ཡོན་ཏན་གྱི་རྟགས་རང་ཆས་སུ་མངའ་བས། དུ་བ་ལས་ནི་མེ་ཤེས་དང་། །ཆུ་སྐྱལ་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་དག །རིགས་ནི་ཚད་མ་དག་ལས་ཤེས་གསུངས་པ་ལྟར་དང་། འཇིག་རྟེན་པའི་ཁ་སྐད་ལས་ཀྱང་ཡ་རབས་མ་རབས་སྤྱོད་པས་ཤེས། །ས་ཆ་གང་ཡིན་སྐད་ཀྱིས་ཤེས་ཟེར་བ་ལྟར་དེ་དག་ནི་ངོས་འཛིན་མ་བྱས་ཀྱང་། ཡ་རབས་ཀྱི་རྟགས་དང་ཡིད་ཆེས་པའི་ཡོན་ཏན་རང་ཆས་སུ་ལྡན་པའོ།། ཁོ་བོས་འདི་དག་བརྗོད་པ་ལ་ཕྲག་དོག་དང་གཡོ་སྒྱུའི་རྫུན་བག་གིས་འཇུག་པ་ཞིག་གཏན་ནས་མ་ལགས་ཏེ། བདག་ནི་སྟོན་པ་བཀའ་དྲིན་ཅན་གྱིས་བསྟན་པ་འདི་ལ་སྙིང་ཐག་པ་ནས་མི་ཕྱེད་པ་ཡིས་དད་པ་ཞིག་ཡོད་པས། དེང་གི་དུས་འདིར་སྟོན་པའི་བསྟན་པ་ལ་ཐུགས་བསམ་བཞེས་པ་ནི་ཆེས་ཤིན་ཏུ་དཀོན་པས་ཕྱིན་ཅིང་ལོག་གིས་སྤྱོད་པ་ལ་དོགས་ནས། ཅུང་ཟད་ཕན་ནམ་སྙམ་པའི་ཀུན་སློང་གི་ལྷག་བསམ་མི་འདོར་བས་བྲིས་པ་ལགས་པས་འདི་ལ་ངག་འཆལ་གྱི་ནོངས་པ་གང་མཆིས་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་སྤྱན་སྔར་འཆགས་སོ། སླར་སྨྲས་པ། དམར་སེར་ལི་ཁྲིའི་མདངས་འཕྲོགས་འདུས་སྡེའི་དབུས། གཙུག་ལག་བྱེ་བས་གཏམས་པའི་སྡོམ་བརྩོན་མཆོག །བཤད་སྒྲུབ་ཉིན་མོར་བྱེད་པའི་སྣང་བ་ཡིས། །ཐུབ་བསྟན་མཛེས་པའི་རྒྱན་དེ་སླར་ཡང་དྲན། དེང་དུས་ཆོས་པའི་གཟུགས་བརྙན་འཛིན་མཁས་རྣམས། །རང་མགོ་མི་ཐོན་གཞན་མགོ་འདོན་ལ་བྲེལ། །རང་རྒྱུད་མེད་པའི་ཁ་ལྟ་མཐོན་པོར་སྒྲོག །མི་ཆོས་བླ་མའི་རྫུན་གྱིས་འཇའ་ཚོན་བཀྲ། །ཆོས་ལ་དྲེད་པའི་པཎ་ཞུ་དབུ་ལ་མཛེས། །སྡོམ་གསུམ་རལ་པའི་ངུར་སྨྲིག་སྐུ་ལ་གསོལ། །ལོག་འཚོའི་ཟས་རིགས་མང་པོའི་ལྟོ་བ་རྒྱན། །སྙིགས་དུས་གང་ཟག་གདོན་གྱིས་རློམ་པར་སྐྱོ། །ཆོས་བརྒྱད་གྲུབ་པར་བརྙེས་པའི་རྟོགས་ལྡན་འགས།།ཚོགས་དྲུག་རྐྱེན་ལ་ཤོར་བའི་ཉམས་ལེན་གྱིས།།མ་རིག་བདག་ཏུ་འཛིན་པའི་མཉམ་བཞག་ངང་། །འདོད་རྔམ་རེ་དོགས་རྟོག་པ་རང་བྱུང་བརྡོལ། །འདོད་པའི་ཁམས་འདིར་འདོད་ཡོན་རྣམ་མང་བས། །ཇི་ཙམ་སྤྱད་ཀྱང་དེ་ཙམ་སྲེད་པ་འཕེལ། །སྤྱད་པ་ལས་ཀྱང་སྲེད་པ་སྡིག་ཆེ་བས། །ཆོག་ཤེས་མེད་པའི་འདོད་སེམས་ཚིམ་དུས་ཅི། །ལོག་འཚོའི་གསོན་པའི་ཚེ་འདིའི་དཔལ་ཡོན་གྱིས། །མིང་གིས་གྲགས་པ་ཀུན་ལ་ཁྱབ་ན་ཡང་། །དོན་ལ་ཡོན་ཏན་སྤུ་ཙམ་མེད་པས་ན། །རང་གཞན་ཀུན་གྱིས་འཕྲལ་དུ་སྤོངས་པར་རིགས། །དེ་ལྟར་བསམ་ནས་ཚེ་འདིའི་འབྱོར་རྒུད་ལ། །སྙིང་པོ་གང་ཡོད་ད་ནི་ཤེས་ཚོད་ཀྱིས། །དགེ་སྡིག་རྒྱུ་འབྲས་ཆོས་ལ་ཡིད་ཆེས་ནས། །ཡང་དག་དོན་གྱི་སྙིང་པོར་བཞོལ་པར་གཅེས། །
རྩོད་པའི་རྒྱལ་ཕམ་ཐག་གཅོད། ཚེ་རིང་ཐར་གྱིས་པར་བླངས།
终极一问 图 / 泽让闼