ས་སྒང་གི་མཐོ་ས་ཞིག་ན་འདི་འདྲའི་བྱིས་པ་སྐོར་ཞིག་ཡོད། སྦྲ་ནག་གི་འདབ་ཁ་ནས་རྨི་ལམ་རྨི་བཞིན་ནོར་གནག་གི་ལྷས་འདབས་ནས་རྩེད་འཇོར་གཡེང་།
རི་སྒང་གི་མཐོ་ས་ནས་རྒྱང་ལྟ་བྱེད་ཐེངས་རེར། ཁོ་ཚོའི་སེམས་ཁོང་དུ་མཚར་སྣང་དང་རེ་སྙེག་གིས་ཁེངས་ཡོད་ལ། ཐག་རིང་ཐག་རིང་དེར་རི་སྡེ་ཞིག་ཨེ་ཡོད་དམ། རི་སྡེ་དེར་ནོར་ལུག་དང་སྦྲ་གུར་ཨེ་ཡོད། བེའུ་དང་ལུ་གུའི་རྩེད་འཇོ་ཡོད་ཨེ་སྲིད། དྲི་བ་རེ་རེ་ཕྲེང་ལ་བསྒྲིགས་ཏེ་ཁོ་ཚོའི་དྭངས་གཙང་གི་སེམས་ངོར་འཁོར་ཡོང་།
རྫུ་བག་ལ་མ་གོམས་པའི་བྱིས་པ་འདི་དག ཕ་མ་ཟུང་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ཡིན་ལ། དེ་བས་ཀྱང་མི་རིགས་ཤིག་གི་ཚེ་སྲོག་དང་ཟུངས་ཁྲག་ཡིན། རེད་དེ། རི་བོ་མང་པོའི་རྒྱབ་རོལ་ན། ཆུ་བོ་མང་པོའི་ཕ་རོལ་ན། སློབ་གླིང་མཛེས་པའི་ཁོར་ཡུག་དང་དགེ་རྒན་བཟང་པོའི་དཔེ་ཁྲིད་དེ། ཁོ་ཚོར་རྒྱང་ཐག་རིང་ཞིང་ལས་སྐལ་བྲལ། ཉིན་ལྟར་ནོར་གནག་གི་རྨིག་རྗེས་དེད་དེ་ནམ་མཁའི་བྱ་རྒོད་ལ་མཚར་སྣང་དང་གྲོག་མ་འདུར་རྒྱུག་ལ་ཕུ་འདེབས་ཙམ་ལས་འཇིག་རྟེན་གྱི་མཚར་སྡུག་དང་ཕུན་ཚོགས་མྱོང་ཐུབ་མེད། དུས་གཏན་དུ་ནོར་གནག་ཚང་རྩིས་དང་ཤིང་ཁུར་སྐྱེལ་འདྲེན་ལ་འབད།
ང་རང་འཇིག་རྟེན་ལ་ཐོན་པའི་ཉིན་མོ་ནི། འབྲོག་ཐང་ཞིག་གི་ལྷིང་འཇགས་ཀྱི་སྔ་ཞོགས་ཞིག་རེད་ཅེས་ཨ་མ་ལགས་ཀྱིས་རྟག་ཏུ་ལབ་སྲིད། ངའི་སྣང་ངོར་འབྲོག་ལྷས་རེ་རེ་ན་ངའི་ཆུང་དུས་ཀྱི་རྩེད་ར་དང་རྩེད་རྡོ་ཡོད་སྲིད་ལ། ཆར་ཆུ་དང་ཁ་བས་ཇི་འདྲ་ཞིག་གཙེས་མྱངས་ཨང་། འབྲོག་ཕྲུག་འདི་དག་གི་སྣང་བརྙན་མིག་གིས་མཐོང་ཐེངས་རེར་ངས་རང་ཉིད་ཆུང་དུས་དྲན་ཡོང་ལ། ཆུང་དུས་ཀྱི་ཁོར་ཡུག་ཀྱང་ཡིད་ལ་ཤར་ཡོང་། ངས་འབྲོག་ཕྲུག་འདི་གཉིས་ཀྱི་རེ་བས་ཁེངས་བའི་མིག་ཟུང་རྒྱང་དུ་ཕྱོགས་པ་འདིས་ལས་དབང་ཞིག་གི་ངོ་གདོང་བསམ་ཐུབ་ལ། ལས་དབང་དེའི་ཁ་ཕྱོགས་ཚོར་ཐུབ། གློ་བུར་དུ་ངའི་མིག་མཐར་མཆི་མ་འཁོར་བྱུང་། མཆི་མ་རྡོག་གཅིག་མཁུར་ཚོས་བརྒྱུད་དེ་རྐེ་ཁུགས་སུ་ལྷུང་སོང་། ངའི་བྲང་གཞུང་ཡང་བརླན་སོང་།
སྐབས་ཤིག་པེ་ཅིང་གི་མཚན་མོ་ཞིག་ལ་ཨ་རིའི་གྲོགས་པོ་ནོལ་ཝེ་ཏིས་དང་ལྷན་དུ་བྱང་མཚོའི་ཉེ་འགྲམ་དུ་འཛོམས་ཏེ་ངེད་གཉིས་གྲུ་ཆུང་ལ་བསྡད་ནས་མཚོ་སྐོར་བྱས་པ་ཡིན། ཁོས་བཤད་ན་ལོ་སྔོན་མར་ཁོ་རང་བོད་ཁམས་སྡེ་དགེའི་དཔར་ཁང་མཇལ་སྐོར་དུ་སོང་ནས། ལམ་བར་དུ་ཁམས་འབྲོག་གི་བྱིས་པ་སློབ་ལོ་རན་པ་མང་པོ་ཕྱུགས་རྫི་ལ་འགྲོ་བཞིན་པ་མཐོང་ཞིང་། ཁོས་དེ་ཀར་ལས་དབང་ཞེས་པ་ཞིག་འབྲི་འདོད་སྐྱེས་ནས་དགོང་མོ་དེར་མགྲོན་ཁང་ནས་རྩོམ་དེ་ལེགས་གྲུབ་བྱུང་སོང་ཟེར། སྐད་ཆ་འདིས་ང་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱིན་སོང་།
ངས་ཕ་ཡུལ་གྱི་འབྲོག་ཕྲུག་དག་མཐོང་ཐེངས་རེར་ནོལ་ཝེ་ཏིས་ཀྱི་སྐད་ཆ་དྲན་ཡོང་། ཤེས་ཡོན་སློབ་པར་སྐལ་བ་ཕྲ་བའི་བྱིས་པ་འདི་དག་ཡིད་ངོར་འཆར་ཐེངས་རེར་དངན་པ་རེ་མི་འཐེན་ཀ་མེད་བྱུང་། དེ་ནི་གཤིས་ཀ་ཞིག་ཏུ་ཆགས་སོང་།
ཕ་ཡུལ་ནི་སྔར་ལྟར་མཛེས་སྡུག་ལྡན་ཞིང་ཡིད་དུ་འོང་བ་ཞིག་ཡིན་མོད། བྱིས་པ་མང་པོ་རི་སྒང་དུ་འདུར་རྒྱུག་དང་དགོང་སྲོད་ཨོང་སྒྱེ་ཆུང་ཆུང་རེ་ཕྲག་ལ་ཁུར་ནས་མིག་གཉིས་རིག་རིག་གིས་སེམས་པ་པྲ་ཆལ་བྱེད་འདོད་ཀྱིས་གང་བ་ཙམ་ལས། སློབ་གླིང་དུ་འགྲོ་བའི་གོ་སྐབས་དང་ཤེས་རིག་སྦྱོང་བའི་སྐལ་བ་མ་ལྡན་པ་ནི་ཇི་འདྲའི་ཡི་མུག་པ་དང་སེམས་སྐྱོ་བའི་གནས་ཤིག་རེད།
ཉེ་སྔོན་ཕ་ཡུལ་གྱི་གྲྭ་རྐྱང་རེ་འགས་ཐོས་པ་སློབ་གཉེར་ལ་སྔར་ལས་འབད་འབུང་ཆེར་བསྐྱེད་དང་ཞོར་དུ་དེང་རབས་ཤེས་རིག་གི་ཉིང་ཁུ་བཅུད་ལེན་གྱི་ལས་ལ་གཞོལ་ཏེ་གྲོང་ཁྱེར་གྱི་སློབ་ཆེན་ལ་ཟུར་ཞུགས་དང་ཡང་ན་ནང་བསྟན་གྱི་སློབ་གླིང་ཆེན་པོར་ཞུགས་ཅི་ཐུབ་ཀྱིས་ཅུང་གྲུབ་འབྲས་ལྡན་པར་གྱུར་རྗེས་ཕ་ཡུལ་གྱི་སློབ་གསོའི་གནས་བབས་ལ་གཞིག་ནས་འབྲོག་ལྷས་ན་འཁོར་བཞིན་པའི་བྱིས་པ་སྣབས་ལུད་གང་མང་ལ་ཀ་ཁ་སྦྱོང་བའི་གོ་སྐབས་བགོ་བཞིན་འདུག་སྐད། དེ་ནི་ང་ལ་མཚོན་ན་མཚན་མོ་རེ་རེ་བདེ་ཐང་གིས་གཉིད་ཁུགས་པའི་རྒྱུ་རུ་གྱུར་ཡོད། དེ་ནི་འབྲོག་ཕྲུག་ལས་ངན་དེ་དག་གི་ལས་དབང་ལེགས་བསྒྱུར་གྱི་གོ་སྐབས་རེ་རེ་ཡིན།
ང་ཡི་སེམས་པ་འདི་ནམ་ཡང་ཕ་ཡུལ་དང་ཕ་ཡུལ་གྱི་བྱིས་པ་དག་ལ་སྦྲེལ་ནས་ཡོད། ངའི་མིག་ཆུ་དང་ངའི་ཟུངས་ཁྲག་ཀྱང་འདི་དག་གི་ཆེད་དུ་བཞུར་ནས་ཡོད། །