༄༅།། ཞལ་གདམས་དིང་རི་བརྒྱད་ཅུ།

ཕ་དམ་པ་སངས་རྒྱས། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-03



        ན་མོ་གུ་རུ། སྐལ་ལྡན་དིང་རིར་ཚོགས་པའི་རྣལ་འབྱོར་ཀུན། །ཇི་ལྟར་དུག་པོ་གསར་པར་མི་འགྱུར་བཞིན། །ཚེ་ཟད་ནད་པ་སྨན་པས་ཕན་མི་འགྱུར། །ཅིས་ཀྱང་འགྲོ་དགོས་འཇིག་རྟེན་ས་སྟེང་མི། །ཆུ་ཕྲན་ཐམས་ཅད་རྒྱ་མཚོར་སྙེག་པ་བཞིན། །སེམས་ཅན་ཐམས་ཅད་འགྲོ་བ་འདི་རང་ཡིན། །ལྗོན་ཞིང་ཁ་ནས་བྱེའུ་ཆུང་འཕུར་བ་བཞིན། །ཡུན་རིང་མི་སྡོད་ཁོ་བོས་སྐྱས་ཤིག་འདེག།ད་རེས་དོན་མེད་སྟོང་ལོག་བྱས་གྱུར་ན། །མི་ལུས་ཕྱི་ནས་དཀའོ་དིང་རི་བ། །ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་འབུངས། །ལས་ཀྱི་རབ་ཏུ་འགྱུར་རོ་དིང་རི་བ། །གློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། །བྱིན་རླབས་ཤུགས་ལས་འབྱུང་ངོ་དིང་རེ་བ། །ཚེ་འདི་བློས་ཐོངས་ཕྱི་མ་དོན་དུ་གཉེར། །འདུན་མའི་རྩེ་མོར་འགྱུར་རོ་དིང་རི་བ། །བཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །ངན་ཤག་འཐབ་མོ་མ་བྱེད་དིང་རི་བ། །ནོར་རྫས་སྒྱུ་མ་ལྟ་བུའི་བསླུ་བྲིད་ལ། སེར་སྣའི་མདུད་པས་མ་བཅིངས་དིང་རི་བ། །ཕུང་པོ་མི་གཙང་རྫས་ཀྱི་རྐྱལ་པ་ལ། །བཟང་འདོད་ཕྱི་བདར་མ་ཆེ་དེང་རི་བ། །གཉེན་བཤེས་སྒྱུ་མ་ལྟ་བུའི་བདེན་མེད་ལ། །གདུང་སེམས་འཁྲི་བ་མ་ཆེ་དེང་རི་བ། །ཡུལ་གཞིས་འབྲོག་པའི་སྦྲ་ས་ལྟ་བུ་ལ། །ཞེན་ཅིང་ཆགས་པར་མ་བྱེད་དིང་རི་བ། །ས་ཡུལ་རིགས་དྲུག་སེམས་ཅན་སྤྱི་མཐུན་ལ། །ང་དང་བདག་ཏུ་མ་འཛིན་དིང་རི་བ། །སྐྱེས་པའི་ནངས་པར་འཆི་བའི་བརྡ་ཞིག་བྱུང་། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ། །འཁྲུལ་པ་གཞི་ལ་མེད་དེ་གློ་བུར་གྱུར། །བྱེད་མཁན་མཚན་ཉིད་ལྟོས་ཤིག་དིང་རི་བ། །ཡེངས་པ་མེད་པར་དམ་པའི་ཆོས་ལ་འབུངས། །ཤི་ནས་ལམ་སྣ་འདྲེན་ནོ་དིང་རི་བ། །ལས་ཀྱི་རྣམ་སྨིན་རྒྱུ་འབྲས་བདེན་པར་ངེས། །མི་དགེ་སྡིག་ལ་འཛེམས་ཤིག་དིང་རི་བ། །བྱས་པའི་ལས་རྣམས་རྨི་ལམ་ཡུལ་བཞིན་བཞག །བྱར་མེད་ཉམས་སུ་ལོངས་ཤིག་དིང་རི་བ། །གང་ལ་ཞེན་པ་བྱུང་ན་དེ་ཡང་ཐོངས། །ཅིས་ཀྱང་དགོས་པ་མེད་དོ་དིང་རི་བ། །འཇིག་རྟེན་འདི་རུ་གཏན་དུ་མི་སྡོད་པས། །འགྲོ་ཆས་ད་ལྟ་གྱིས་ཤིག་དིང་རི་བ། །བྲེལ་དོན་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲན་པའི་ཚེ་ན་རྒྱུགས་ཤིག་དིང་རི་བ། །ནགས་ཀྱི་ནང་དུ་སྤྲེའུའི་སྐྱིད་སྙམ་སྟེ། ནགས་མཐའ་མི་ཡིས་བསྐོར་རོ་དིང་རི་བ། །སྐྱེ་རྒ་ན་འཆིའི་ཆུ་ལ་རབ་ཟམ་མེད། །གྲུ་གཟིངས་ཚགས་སུ་ཚུད་དམ་དིང་རི་བ། །སྐྱེ་འཆི་བར་དོའི་སྒུག་འཕྲང་དམ་པོ་ལ། །ཉོན་མོངས་དུག་ལྔའི་ཇག་པས་བསྒུག་པར་ངེས། སྐྱེལ་མ་བླ་མ་ཚོལ་ཅིག་དིང་རི་བ། །སྐྱབས་གནས་བསླུ་བ་མེད་པ་བླ་མ་ཡིན། །འབྲལ་མེད་གཙུག་ཏུ་ཁུར་ཅིག་དིང་རི་བ། །བླ་མར་སྐྱབས་ན་གར་འདོད་ས་རུ་སླེབས། །རྐང་གླར་མོས་གུས་སྐྱེད་ཅིག་དིང་རི་བ། །གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད། །སྦྱིན་པ་ཕྱོགས་མེད་ཐོངས་ཤིག་དིང་རི་བ། །སུ་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། སོར་བཅུར་བྲང་ལ་ཟུམ་ཞིག་དིང་རི་བ། །འཇིག་རྟེན་མི་ཡི་ཡུལ་ལ་གཉེན་བཤེས་མེད། །བློ་གཏད་ཆོས་ལ་གྱིས་ཤིག་དིང་རི་བ། ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །གྲོས་ཐག་ད་ལྟ་ཆོད་ཅིག་དིང་རི་བ། །ཡེངས་བའི་བར་ལ་འཆི་བདག་བདུད་ཀྱིས་ཟིན། །ད་ལྟ་ཉིད་ནས་སྒྲུབས་ཤིག་དིང་རི་བ། །འཆི་བདག་བདུད་ནི་ནམ་འོང་ཆ་མེད་པས། མགོ་ཐོན་འཕྲལ་དུ་གྱིས་ཤིག་དིང་རི་བ། །ཤི་བའི་ནངས་པར་སུས་ཀྱང་མི་སྐྱོབ་པས། །རང་མགོ་རང་གིས་ཐོན་ཅིག་དིང་རི་བ། །ཉི་མ་ནུབ་ཁའི་གྲིབ་སོ་ཇི་བཞིན་དུ། །འཆི་བདག་བདུད་ནི་མི་སྡོད་ཚུར་ཚུར་འོངས། །དེ་ལ་མགྱོགས་པར་བྲོས་ཤིག་དིང་རི་བ། །མེ་ཏོག་སྔ་ལོ་ཡག་ཀྱང་ཕྱི་ལོ་སྐམ། །ལུས་ལ་བློ་གཏད་མེད་དོ་དིང་རི་བ། །གསོན་པའི་དུས་སུ་ལྷ་ཡི་བུ་འདྲ་ཡང་། །གཤིན་གྱི་དུས་སུ་བདུད་ཀྱི་དམག་ལས་འཇིགས། །སྒྱུ་མའི་ལུས་འདིས་བསླུའོ་དིང་རི་བ། །ཚོང་དུས་མགྲོན་པོ་ཚོང་ཟིན་ནང་པར་གྱེས། །གྲོགས་ཀྱིས་འབོར་བར་ངེས་སོ་དིང་རི་བ། །སྒྱུ་མའི་ཐོ་ཡོར་བརྩིགས་ཀྱང་འགྱེལ་བར་ངེས། །འབྲལ་མེད་ད་ལྟ་སྒྲིགས་ཤིག་དིང་རི་བ། །སེམས་ཀྱི་བྱ་རྒོད་ནམ་ཡང་འཕུར་བར་ངེས། །གནམ་འཕང་ད་ལྟ་ཆོས་ཅིག་དིང་རི་བ། །རིགས་དྲུག་ཕ་མ་སེམས་ཅན་དྲིན་ཅན་ལ། །བྱམས་དང་སྙིང་རྗེ་སྒོམས་ཤིག་དིང་རི་བ། །དགྲ་སྡང་འཁོར་བ་ལས་ཀྱི་འཁྲུལ་སྣང་ལ། །ཞེ་སྡང་གདུག་སེམས་སྐྱུར་ཅིག་དིང་རི་བ། །བཟླས་བརྗོད་སྐྱབས་འགྲོས་ངག་གི་སྒྲིབ་པ་འདག །ཐ་མལ་ལོང་གཏམ་སྤོངས་ཤིག་དིང་རི་བ། །ཕྱག་དང་བསྐོར་བས་ལུས་ཀྱི་སྒྲིབ་པ་འདག །འཇིག་རྟེན་བྱ་བྱེད་སྤོངས་ཤིག་དིང་རི་བ། །མོས་གུས་གདུང་བས་ཡིད་ཀྱི་བག་ཆགས་འདག །བླ་མ་སྤྱི་བོར་སྒོམས་ཤིག་དིང་རི་བ། །ལྷན་ཅིག་སྐྱེས་པའི་ཤ་རུས་འབྲལ་བར་ངེས། །ཚེ་ལ་རྟག་པར་མ་འཛིན་དིང་རི་བ། །ཡུལ་གྱི་དམ་པ་གཉུག་མའི་གཏན་ཡུལ་ཟུངས། །དེ་ལ་འཕོ་འགྱུར་མེད་དོ་དིང་རི་བ། །ནོར་གྱི་དམ་པ་སེམས་ཉིད་གཏེར་ཆེན་སྤྱོད། །དེ་ལ་ཟད་པ་མེད་དོ་དིང་རི་བ། །ཟས་ཀྱི་དམ་པ་ཏིང་འཛིན་རོ་མཆོག་མྱོང་། །བཀྲེས་པའི་གདུང་བ་ཆོད་དོ་དིང་རི་བ། །སྐོམ་གྱི་དམ་པ་དྲན་པའི་བདུད་རྩི་འཐུང་། །དེ་ལ་རྒྱུན་ཆད་མེད་དོ་དིང་རི་བ། །གྲོགས་ཀྱི་དམ་པ་རིག་པའི་ཡེ་ཤེས་བརྟེན། །དེ་ལ་འབྲལ་བ་མེད་དོ་དིང་རི་བ། །སྲས་ཀྱི་དམ་པ་རིག་པའི་ཁྱེའུ་ཆུང་ཚོལ། །དེ་ལ་སྐྱེ་ཤི་མེད་དོ་དིང་རི་བ། སྟོང་པའི་ངང་དུ་རིག་པའི་མདུང་སྐོར་གྱིས། །ལྟ་བ་ཐོགས་རྡུགས་མེད་དོ་དིང་རི་བ། །དྲན་མེད་ངང་དུ་ཡེངས་མེད་བྱ་ར་གྱིས། །

        སྒོམ་ལ་བྱིང་རྒོད་མེད་དོ་དིང་རི་བ། །ཤུགས་འབྱུང་ངང་ནས་འགགས་མེད་རྩལ་སྦྱོང་གྱིས། །སྤྱོད་པ་སྤང་བླང་མེད་དོ་དིང་རི་བ། །སྐུ་བཞི་དབྱེར་མེད་རང་གི་སེམས་ལ་རྫོགས། །འབྲས་བུ་རེ་དོགས་མེད་དོ་དིང་རི་བ། །འཁོར་འདས་རྩ་བ་རང་གི་སེམས་ལ་ཐུག །སེམས་ལ་དངོས་པོ་མེད་དོ་དིང་རི་བ། །ཆགས་སྡང་སྣང་བ་བྱ་ལམ་རྗེས་མེད་འདྲ། །ཉམས་ལ་ཞེན་པ་མེད་དོ་དིང་རི་བ། །ཆོས་སྐུ་སྐྱེ་མེད་ཉི་མའི་སྙིང་པོ་འདྲ། །འོད་ཟེར་གསལ་འགྲིབ་མེད་དོ་དིང་རི་བ། །རྣམ་རྟོག་རྒྱུན་ལམ་ཁང་སྟོང་རྐུན་མ་འདྲ། །དོན་ལ་ཐོབ་ཤོར་མེད་དོ་དིང་རི་བ། ཚོར་བ་རྗེས་མེད་ཆུ་ཡི་རི་མོ་འདྲ། །འཁྲུལ་སྣང་རྗེས་འཛིན་མེད་དོ་དིང་རི་བ། །ཆགས་སྣང་དྲན་པ་ནམ་མཁའི་འཇའ་ཚོན་འདྲ། །ཞེན་ཆགས་ངོས་བཟུང་མེད་དོ་དིང་རི་བ། །འགྱུ་བ་རང་སངས་བར་སྣང་སྤྲིན་དང་འདྲ། །སེམས་ལ་གཟའ་གཏད་མེད་དོ་དིང་རི་བ། །འཛིན་མེད་རང་གྲོལ་སྐྱི་སེར་རླུང་དང་འདྲ། །ཡུལ་ལ་ཞེན་པ་མེད་དོ་དིང་རི་བ། །རིག་པ་འཛིན་མེད་ནམ་མཁའི་འཇའ་ཚོན་འདྲ། །ཉམས་ལ་ཐོགས་པ་མེད་དོ་དིང་རི་བ། །ཆོས་ཉིད་དོན་རྟོགས་ལྐུགས་པའི་རྨི་ལམ་འདྲ། །ཚིག་དང་ཐ་སྙད་མེད་དོ་དིང་རི་བ། རྟོགས་པ་གཞོན་ནུ་མ་ཡི་བདེ་བ་བཞིན། །དགའ་བདེ་བརྗོད་དུ་མེད་དོ་དིང་རི་བ། །གསལ་སྟོང་ཟུང་འཇུག་ཆུ་ཟླ་ཤར་བ་འདྲ། །གང་ལ་ཆགས་ཐོགས་མེད་དོ་དིང་རི་བ། །སྣང་སྟོང་དབྱེར་མེད་ནམ་མཁའ་སྟོང་པ་འདྲ། །སེམས་ལ་མཐའ་དབུས་མེད་དོ་དིང་རི་བ། །དྲན་མེད་ཡེངས་མེད་སྒེག་མོའི་མེ་ལོང་འདྲ། །དེ་ལ་གྲུབ་མཐའ་མེད་དོ་དིང་རི་བ། །རིག་སྟོང་དབྱེར་མེད་མེ་ལོང་གཟུགས་བརྙན་འདྲ། །དེ་ལ་སྐྱེ་འགགས་མེད་དོ་དིང་རི་བ། །བདེ་སྟོང་དབྱེར་མེད་གངས་ལ་ཉི་ཤར་འདྲ། །དེ་ལ་ངོས་བཟུང་མེད་དོ་དིང་རི་བ། །འཁྲུལ་གཏམ་རྗེས་མེད་བྲག་ཆ་སྟོང་པ་འདྲ། །སྒྲ་ལ་འཛིན་པ་མེད་དོ་དིང་རི་བ། །བདེ་སྡུག་འཁྲུལ་འཁོར་པི་ཝཾ་ཁོག་བརྒྱུད་འདྲ། །མཐུན་རྐྱེན་ལས་ཀྱིས་སྦྱོར་རོ་དིང་རི་བ། །འཁོར་འདས་རང་གྲོལ་བྱིས་པའི་རྩེད་མོ་འདྲ། །སེམས་ལ་གཏད་སོ་མེད་དོ་དིང་རི་བ། །ཕྱི་ཡི་སྤྲོས་པ་ནང་གི་སེམས་ལ་འདུས། །འཁྱག་རམ་ཆུ་རུ་ཞུའོ་དིང་རི་བ། །མ་རིག་འཁྲུལ་འཁོར་སྤང་གི་ཆུ་རྡོལ་འདྲ། །བཀག་པས་ཁེག་པ་མེད་དོ་དིང་རི་བ། །འཁོར་འདས་འཁྲུལ་པ་དགྲ་ཟུན་འཕྲད་པ་འདྲ། །ར་མདའ་བླ་མ་ལྷག་གོ་དིང་རི་བ། །སྐུ་ལྔ་རང་གསལ་གསེར་གླིང་བརྡལ་བ་འདྲ། །རེ་དོགས་སྤང་བླང་མ་བྱེད་དིང་རི་བ། །དལ་འབྱོར་མི་ལུས་རིན་ཆེན་གླིང་དང་འདྲ། །མདོ་མེད་སྟོང་ལོག་མ་བྱེད་དིང་རི་བ། །ཐེག་ཆེན་ཆོས་སྤྱོད་ཡིད་བཞིན་ནོར་བུ་འདྲ། །བཙལ་ཡང་རྙེད་པར་དཀའོ་དིང་རི་བ། །ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །མདོ་དོན་ཆོས་ལ་དྲིལ་ཅིག་དིང་རི་བ། །གཞོན་པའི་དུས་ན་དཀའ་ཐུབ་ཉམས་ལེན་གྱིས། །རྒས་ནས་འབྱུང་བས་མི་འཆུན་དིང་རི་བ། །ཉོན་མོངས་སྐྱེས་ཚེ་གཉེན་པོ་སླེབས་པར་གྱིས། །མཚན་མ་རང་སར་གྲོལ་ལོ་དིང་རི་བ། །སྐབས་སུ་འཁོར་བའི་ཉེས་དམིགས་དྲན་པར་གྱིས། །དད་པའི་གསལ་འདེབས་ཡིན་ནོ་དིང་རི་བ། །ད་རེས་བརྩོན་འགྲུས་བསྐྱེད་ལ་རང་ས་ཟུངས། །ཤི་ནས་ལམ་སྣ་འདྲེན་ནོ་དིང་རི་བ། །ད་རེས་མི་ཁོམས་ཁོམས་དུས་ནམ་ཞིག་ཡོད། །དུས་བརྒྱ་ཟ་མ་གཅིག་ཡིན་དིང་རི་བ། །ཚེ་ལ་ལྟོས་མེད་རྩྭ་ཁའི་ཟིལ་བ་འདྲ། །ལེ་ལོ་སྙོམས་ལས་མ་བྱེད་དིང་རི་བ། །ད་རེས་འདི་ནས་རྡོག་སྣ་འདྲེད་གྱུར་ན། །མི་ལུས་ཕྱི་ནས་དཀའོ་དིང་རི་བ། །སངས་རྒྱས་བསྟན་པ་སྤྲིན་བར་ཉི་མ་འདྲ། ད་རེས་གཅིག་པུ་ཡིན་ནོ་དིང་རི་བ། །ཁ་མཁས་མི་ལ་ལག་ལེན་རང་ལ་མེད། །སྐྱོན་མཚངས་རང་ལ་ཡོད་དོ་དིང་རི་བ། །དད་པའི་རྐྱེན་གྱིས་བསྒྱུར་བའི་ལམ་ཉེ་བ། །འཁོར་བའི་ཉེས་དམིགས་སོམས་ཤིག་དིང་རི་བ། །གྲོགས་ངན་བརྟེན་ལ་སྤྱོད་ངན་ཤུགས་ཀྱིས་འགོ།དཔང་པོ་སེམས་ལ་ཚོལ་ཅིག་དིང་རི་བ། །མ་རིག་འཁྲུལ་པ་ཕུང་འདྲེའི་རྩ་བ་ཡིན། །ཤེས་བཞིན་དྲན་པས་ཟུང་ཞིག་དིང་རི་བ། །དུག་ལྔ་དུག་གསུམ་ཞེན་མེད་ལམ་ཐག་ཉེ། །གཉེན་པོ་སྟོབས་ལྡན་བསྐྱེད་ཅིག་དིང་རི་བ། །བརྩོན་འགྲུས་མཐུ་སྟོབས་ཆུང་བས་འཆོར་བར་སྐྱེན། གོ་ཆས་སླེབས་པར་གྱིས་ཤིག་དིང་རི་བ། །བག་ཆགས་འགྲོགས་ཡུན་རིང་བས་ཕྱིར་འདེད་འོངས། །འདས་པའི་རྗེས་འཇུག་མ་བྱེད་དིང་རི་བ། །སེམས་ལ་གོ་རྟོགས་ཆུང་ན་རྗེ་ལ་གསོལ་བ་ཐོབ། །ཏིང་འཛིན་རྒྱུད་ལ་སྐྱེའོ་དིང་རི་བ། །ཕྱི་མ་བདེ་བ་འདོད་ན་ད་ལྟ་སྡུག་བསྲན་བྱེད། །སངས་རྒྱས་རྩ་ན་ཡོད་དོ་དིང་རི་བ། །ཨ་ཙྭ་ར་ནི་དིང་རིར་མི་སྡོད་འགྲོ། །སྒྲོ་འདོགས་ད་ལྟ་ཆོད་ཅིག་དིང་རི་བ། །ངས་ནི་ཡེངས་པ་མེད་པར་བསྒྲུབས་ལ་བརྩོན་པར་བྱས། །ཁྱེད་ཀྱང་རྗེས་སུ་ཞུགས་ཤིག་དིང་རི་བ། །ཞེས་དིང་རི་བ་རྣམས་ལ་ཞལ་ཆེམས་སུ་བཞགས་སོ། །རྒྱ་གར་གྱི་གྲུབ་ཐོབ་དམ་པ་རྒྱ་གར་རམ་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱད་ཅུ་པ་རྫོགས་སོ། །  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1