དེའང་བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་གེ་སར་རྒྱལ་པོ་ཞེས་པ་འདིར་གེ་སར་དམག་གི་རྒྱལ་པོ་དང་། ཧོར་གེ་སར། ཁྲོམ་གེ་སར། བྱང་གེ་སར། གླིང་གེ་སར་རྒྱལ་པོ་བཅས་མི་གཅིག་ཡིན་ནམ་སོ་སོ་བ་ཡིན་པ་སོགས་ལྟ་ཚུལ་མི་གཅིག་ཀྱང། སྐབས་སུ་བབ་པར་གླེང་བར་བྱ་བ་ནི་གླིང་རྗེ་གེ་སར་རྒྱལ་པོ་ཁོ་ནའོ། །དེང་རབས་ཀྱི་ཞིབ་འཇུག་པས་གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་ས་ཕོ་སྟག་དང་ས་མོ་ཕག་གི་ལོ་(༡༠༣༨--༡༡༡༩)དང་། ཆུ་མོ་སྦྲུལ་(༡༠༥༣)དང། ཡང་ན་ལྕགས་མོ་བྱི་ལོ་(༡༠༦༠)ལ་འཁྲུངས་པ་འདོད་མཁན་གསུམ་ཡོད་པ་ལས། ཁོང་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞུགས་པ་བཞེད་ཚུལ་ཅུང་གཅིག་མཚུངས་ཡིན། གང་ཡིན་ཡང་བོད་རབ་བྱུང་དང་པོར་གཏོགས་ལ་རླངས་བྱང་ཆུབ་འདྲེ་བཀོལ་(༩༦༨-༡༠༧༦)དང་། སྨི་ཏེ་ཛྙ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ཐུབ། དེར་བརྟེན། ཁོང་འཁྲུངས་འདས་ཀྱི་ལོ་ཚིགས་ལ་ས་ཕོ་སྟག་དང་ཤིང་མོ་སྦྲུལ་གྱི་ལོ་(༡༠༣༨--༡༡༢༥)ཡིན་པ་ཤུགས་ཀྱིས་རྟོགས་ཐུབ་ལ། གླིང་རྗེ་གེ་སར་རྒྱལ་པོ་ཞིབ་འཇུག་བྱ་བར་རླངས་ཀྱི་པོ་ཏི་བསེ་རུ་ནི་གཙོ་བོའི་དཔྱད་གཞི་རྒྱུ་ཆ་བྱེད་དགོས་ལ། དེ་ལས་གཞན་པའང་ཡིག་རྙིང་དག་ལས་ཤེས་པར་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །
དུས་ཕྱིས་སུ་ཕྱི་ནང་གི་ཞིབ་འཇུག་པས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཀྱིས་བདེན་དཔང་བྱུང་བ་སྟེ། དཔེར་ན། ཕ་རན་སི་རྒྱལ་ཁབ་ཀྱི་བོད་རིག་པར་ཞིབ་འཇུག་པ་མཁས་ཅན་བུད་མེད་ཏ་ཝེ་ཉིར་སྤྱི་ལོ་༡༩༣༧ལོར་འགུ་ཟི་གླིང་ཚང་དུ་སོོང་སྟེ་དེར་ཉིན་༤༠ཙམ་བསྡད་དེ། གླིང་གེ་སར་རྒྱལ་པོའི་སྒྲུང་མང་པོ་བལྟས་ཏེ་དེའི་སྐོར་གྱི་རྒྱུ་ཆ་མང་པོ་བསྡུ་གསོག་བྱས། ཁོ་མོའི་རྒྱལ་ཁོངས་སུ་ཕེབས་རྗེས་གེ་སར་རྒྱལ་པོའི་རྣམ་ཐར་ཞེས་པའི་གླེང་གཞིའི་སྐབས་ནུབ་ཁམས་པར་མའི་གེ་སར་སྒྲུང་ཡིག་ནི་བོད་ཡུལ་ཀུན་ལ་གྲགས་སྟེ་དེ་ནི་གེ་སར་གྱི་ཕ་ཡུལ་ཡིན་པ་མ་ཟད་ལྷ་ས་བཅས་བོད་མི་ཀུན་གྱིས་ཁུངས་ལྡན་དུ་བརྩིས། དེར་བརྟེན། ཁུངས་ཐུབ་ཀྱི་གེ་སར་སྒྲུང་པར་མ་ཞེས་ཟེར་འོས་ཞེས་བཀོད་ཡོད་པ་དང། ཡང་ཕ་རན་སི་རྒྱལ་ཁབ་དང་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་པ་ཡོངས་ཀྱིས་ཡིད་སྨོན་གུས་བཀུར་ཞུ་ཡུལ་སྐུ་ཞབས་ཧྲི་ཐའེ་ཨན་གྱིས་བརྩམས་པའི་བོད་ལྗོངས་ལོ་རྒྱུས་ཀྱི་སྙན་ངག་རིང་མོ་དང་སྒྲུང་པ་ལ་དཔྱད་པ་ཞེས་པ་ནི་གེ་སར་སྒྲུང་ཞིབ་འཇུག་བྱ་བར་མེད་དུ་མི་རུང་བའི་ཆེས་ཁུངས་ལྡན་གྱི་གསུང་རྩོམ་ཞིག་ཡིན་པ་དེའི་ནང་ཡང་གླིང་ཚང་པར་མའི་སྒྲུང་ཡིག་གི་བརྗོད་བྱ་དུ་མ་ལུང་དྲངས་འདུག འདི་གཉིས་ཀྱི་ལྟ་བ་གཅིག་མཚུངས་ཡིན་ལ། ཕྱི་གླིང་པའི་ནང་དུ་བོད་དུ་ཕེབས་ཏེ་གླིང་གེ་སར་རྒྱལ་པོའི་སྐོར་ཞིབ་འཇུག་བྱེད་མཁན་སྔ་ཤོས་ཡིན་པར་གྲགས། དེའང་སྤྱི་ལོ་༡༧༡༦ལོར་པེ་ཅིན་ནས་སོག་ཡིག་པར་མའི་གེ་སར་ཞེས་པའི་དེབ་ཞིག་པར་དུ་བཏབ་རྗེས། སྤྱི་ལོ་༡༧༧༦ལོར་ཨོ་རོ་སོག་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་ཕའ་ལ་སིས་སོག་པོའི་ལོ་རྒྱུས་རྩོམ་ཡིག་ཕྱོགས་བསྒྲིགས་ཞེས་པའི་དེབ་ཀྱི་ནང་དུ་གེ་སར་སྒྲུང་དང་། སྒྲུང་ངག་གྱེར་སྟངས། གཙོ་བོའི་མི་སྣ་གེ་སར་བཅས་ལ་དཔྱད་བརྗོད་བྱས་པའི་བརྩམ་ཡིག་ཅིག་བསྡུས་ཏེ་ངོ་སྤྲོད་བྱས། སྤྱི་ལོ་༡༨༣༦ལོར་ཨོ་རོ་སོག་རྒྱལ་ཁབ་ཀྱི་མཁས་དབང་ཡ་ཁེ་ཧྥུ་སི་མི་དའེས་སོག་ཡིག་པར་མ་དེ་པར་དུ་བཏབ་རྗེས། ལྗེར་མན་ཡི་གེ་ལ་སྒྱུར་ནས་སྤྱི་ལོ་༡༨༣༩ལོར་པར་དུ་བཏབ་པ་གྲགས། དེ་ནི་གེ་སར་སྒྲུང་ཐོག་མར་ཕྱི་གླིང་པའི་ཡི་གེའི་ཐོག་བསྟན་པ་རེད། ཅེས་རྒྱ་ཡིག་གི་ཡིག་ཆ་འགའི་ནང་དུ་འཁོད་འདུག གང་ལྟར་དེ་གླིང་གེ་སར་རྒྱལ་པོ་ཡིན་མིན་ལ་དཔྱད་དགོས་པ་སྙམ།
མི་རིགས་ལོ་རྒྱུས་ཞིབ་འཇུག་པ་གྲགས་ཅན་རེན་ནའེ་ཆང་(༡༨༩༤--༡༩༨༩)གིས་ཁམས་བོད་ལ་ཞིབ་འཇུག་ཡུན་རིང་བྱས་ཏེ་གེ་སར་སྒྲུང་ནི་དེ་བས་མིག་འདྲིས་རྣར་འཇགས་སོང་ཞིང་ཁོང་གིས་མཛད་པའི་བོད་རྒྱལ་ཁབ་གསུམ་གྱི་སྐོར་ཞེས་པའི་ནང་དུ་གེ་སར་རྒྱལ་པོའི་ཁྱིམ་རྒྱུད་ནི་དེང་འདན་ཁོག་རྫོང་གི་གླིང་ཚང་ཨན་ཕུ་སི་ལ་གཏོགས། དེའི་ཕོ་བྲང་ནི་འདན་ཁོག་རྫོང་གི་ཆུས་གསུམ་པ་སྟེ། འབྲི་ཆུའི་ངོགས་རྫོགས་ཆེན་ནས་འདན་ཁོག་བར་གྱི་འགྲོ་ལམ་འགུ་ཟི་དང་རྫོང་མགོ་དགོན་ཆགས་ས་དེའོ། །འགུ་ཟི་དགོན་ནི་གེ་སར་རྒྱལ་པོའི་ཕོ་བྲང་དུ་གླིང་ཚང་རྒྱལ་པོས་བཏབ། མིང་རྒྱལ་རབས་སྐབས་ས་གཡོས་ཀྱིས་གནོད་འཚེར་ཐེབས་ཀྱང་འགུ་ཟི་དགོན་ཤུལ་རང་དུ་ཉམས་གསོ་བྱས་ལ་དེང་གི་གླིང་ཚང་རྒྱལ་པོའི་མངའ་ཁོངས་སུ་གཏོགས། འདན་ཁོག་རྫོང་གི་ཆུས་ལྔ་པ་སྟེ་ཉག་ཆུའི་ངོགས། རྫ་སྟོད་དང་སེར་ཤུལ་རྫོང་གཉིས་ཀྱི་བར་ད་ལྟ་ཚབ་ཚ་དགོན་ཡོད་ས་དེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཞེས་བཀོད་པ་དང་ཕལ་ཆེར་འདྲ། ཞེས་ཟེར། དེ་དང་དུས་མཉམ་པའི་རྒྱའི་དགེ་བསྙེན་རྒྱ་བོད་ལོ་ཙྭ་བ་ཆེན་པོ་ལིའུ་ལི་ཆན་(༡༩༡༠--༢༠༠༨)ཞེས་པས་མཛད་པའི་བོད་རིགས་དམངས་ཁྲོད་ལོ་རྒྱུས་སྙན་ངག་ནང་གི་གླིང་གེ་སར་རྒྱལ་པོ་ཞེས་པ་དང་། གེ་སར་རྒྱལ་པོའི་སྒྲུང་ལས་གནའ་བོའི་མཚོ་བོད་མཐོ་སྒང་གི་ཚོ་པའི་སྤྱི་ཚོགས་ལ་བལྟ་བ་ཞེས་པ། དེ་གཉིས་ལས་ཐོག་མར་གླིང་ཞེས་པའི་ཡུལ་དང་། གླིང་ཚང་ཞེས་པའི་ཁྱིམ་དུད་ཀྱི་རིགས་རུས། དེ་ནས་རླངས་ཀྱི་པོ་ཏི་བསེ་རུ་ལས་བྱུང་བའི་གླིང་གེ་སར་རྒྱལ་པོ་བཅས་གང་ལ་ངོས་འཛིན་དགོས་པ་ལོ་རྒྱུས་རྩོད་སྒྲུབ་ཀྱི་དངོས་གཙོ་སྨྲ་བའི་རིག་པས་ཞིིབ་འཇུག་བྱས། ད་དུང་ཁོང་གིས་གླིང་གེ་སར་རྒྱལ་པོའི་སྒྲུང་ལྷ་གླིང་གབ་རྩེ་དགུ་སྐོར་རྒྱ་ཡིག་ཏུ་ཕབ་བསྒྱུར་བྱས་ཡོད་པ་རེད། ཁོང་གཉིས་ནི་རྒྱ་མི་རིགས་ཀྱི་ནང་དུ་གླིང་གེ་སར་རྒྱལ་པོའི་སྐོར་ཞིབ་འཇུག་བྱེད་མཁན་ཐོག་མར་ཡིན་པ་འདྲ།
དེ་ལྟར་གོང་ཞུས་ཀྱི་འདས་པའི་ཕྱི་གླིང་པའི་ཞིབ་འཇུག་པ་དང་། མི་རིགས་གཞན་པའི་ཞིབ་འཇུག་པ། ད་ལྟ་དངོས་སུ་ཞལ་བཞུགས་པའི་ཞིབ་འཇུག་པ་བགྲེས་གཞོན་སུ་གང་ཡིན་རུང། ཁོ་ཚོས་ཚེ་འདིར་དོན་མེད་པའི་ཞིབ་འཇུག་བྱེད་དགོས་པ་མེད་ལ། དེ་བས་སྐད་དང་ཡི་གེ་གང་གི་ཐད་རང་མི་རིགས་ལས་ཁོ་ཚོ་ལ་དཀའ་ངལ་ལྡབ་མང་པོ་ཆེ་ནའང། གླིང་གེ་སར་རྒྱལ་པོའི་སྒྲུང་འདི་ལ་རྟོག་དཔྱོད་ཞིབ་འཇུག་བྱ་རིན་ཡོད་པ་མཐོང་ནས། ཞིབ་འཇུག་ཡང་དག་པར་བྱས་ཏེ་བདེན་པ་བདེན་ཐོག་ཏུ་ངེས་རྒྱུ་ཡོད་པའི་ཆེད་དུ། ཁོ་ཚོའི་རྒྱབ་བརྟེན་གྱི་ལོ་རྒྱུས་དང་། བདེན་དཔང་གི་ཤུལ་རྫས། དཔྱད་གཞི་ཡི་རྒྱུ་ཆ། ཞིབ་འཇུག་ལ་གོ་རིམ། འགལ་རྐྱེན་ལ་སྔོན་འགོག་སོགས་གང་ལ་གང་དགོས་ཀྱི་ཐབས་ཤེས་ཅི་ལའང་མ་ཞན་པའི་ཐོག ཐོབ་པའི་འབྲས་བུ་ང་ཚོས་ཕྱོགས་དུས་ཀུན་ཏུ་གསལ་བཤད་དང་། བཀོལ་སྤྱོད་བྱེད་རིན་ཡོད་ལ། ལོ་རྒྱུས་ལ་བདེན་དཔང་ཡང་བྱེད་ཐུབ་པ་སྙམ།
མཇུག་བསྡུ་བའི་གཏམ།
དེ་ལྟར་གླིང་གེ་སར་རྒྱལ་པོ་ནི་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་སྐྱེས་བུ་ཕུལ་དུ་བྱུང་བ་ཞིག་ཡིན་པ་ཕྱོགས་གང་ནས་ཀྱང་ར་སྤྲོད་བྱེད་ཐུབ་ལ། གླིང་གེ་སར་གྱི་སྒྲུང་དུ་གྲགས་པའི་ལོ་རྒྱུས་སྙན་ངག་རིང་མོ་འདིའི་བརྗོད་བྱ་སྲོག་གི་མི་སྣ་གཙོ་བོར་གྱུར་པ་སྟེ་གླིང་གེ་སར་རྒྱལ་པོ། ཁོ་བོས་དུས་རབས་ཉི་ཤུ་པའི་མཇུག་ལ་སྔོན་བྱོན་མཁས་པའི་གསུང་རྒྱུན་མ་ཉམས་པ་རྣམས་བསྡུས་ཏེ་བྲིས་ཤིང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སུ་བཀོད་རྗེས། འབྲེལ་ཡོད་མཁས་ཅན་འགའ་དང་ལས་ཁུངས་འགས་དྲི་བའང་མང་པོ་བཏོན་ལ་ཕན་ཚུན་ལྟ་ཚུལ་བརྗེ་རེས་ཡང་བྱས་མྱོང་། དེང་འདིར་སྔོན་བྱུང་ལོ་རྒྱུས་དང་མཁར་ཤུལ་རིག་དངོས་གང་ལ་བལྟས་ཀྱང། གླིང་གེ་སར་རྒྱལ་པོ་ནི་ཕ་ཡོད་མ་ཡོད་མདོ་ཁམས་གླིང་དཀར་སྟོད་དུ་སྨུག་པོ་ལྡོང་གི་རྒྱུད་ལས་བྱུང་བའི་བོད་མི་འཁྲུལ་མེད་ཅིག་ཡིན་ཞེས་པ་འདི་ཡང་དུ་བཀོད་པ་ནི། སྔོན་གྱི་རྩོམ་ཡིག་ཐོག་མཁར་ཤུལ་དང་བོད་དར་ཆོས་རྒྱུད་ཁག་གི་གླིང་གེ་སར་རྒྱལ་པོས་གཙོས་པའི་དཔལ་རྟུལ་སོགས་སྒྲུབ་ཐབས་དང་གསོལ་མཆོད་བཅས་ཀྱི་རྒྱུ་ཆ་འགས་སླར་ཡང་ཁ་གསབ་ཏེ་བྲིས་པ་ཡིན།
དུས་རབས་ཉེར་གཅིག་པར་གོ་ལ་ཧྲིལ་པོའི་སྟེང་དུ་དེང་རབས་གསར་པའི་རིག་གནས་དང་། ཚན་རིག་དར་རྒྱས་སོང་དང་འགྲོ་བཞིན་པ་ཙམ་གྱིས་ཕྱིའི་སྣོད་དང་ནང་གི་བཅུད་གང་ཐད་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་ཀུན་གྱིས་ཤེས་ནས། སྲོལ་རྒྱུན་རིག་གནས་སླར་ཡང་ཉམས་པ་སོར་ཆུད། ཉམས་ཕན་འཚོ་སྐྱོང། མ་ཉམས་གོང་འཕེལ་གཏོང་བཞིན་པའི་སྐབས་དང་བསྟུན་ནས། རང་རེ་གངས་ཅན་པ་ཚོ་ལའང་ངོ་གནོང་མི་དགོས་པའི་སྲོལ་རྒྱུན་རིག་གནས་ཡོད་པ་རྣམས། རིམ་ཁག་སྲིད་གཞུང་གིས་མཐོང་ཆེན་དང། ཤེས་ཡོན་ཅན་གྱིས་ཞིབ་འཇུག སྤྱི་ཚོགས་ཡོངས་ཀྱིས་སྲུང་སྐྱོབ་བཅས་བགྱི་ན་ད་གཟོད་ཕུག་བསམ་རེ་འདུན་འགྲུབ་ཐུབ་ལ། མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་དང། མི་དང་མིིའི་བར་གྱི་འཆམ་མཐུན། མི་དང་སྤྱི་ཚོགས་བར་གྱི་འཆམ་མཐུན་གྱི་རྣམ་པ་གསར་པ་ཞིག་ཆགས་ཐུབ་ཅིང་། སྐྱེ་ཁམས་སྲུང་སྐྱོང་དང་། དུས་བདེ་ཞོད་འཇགས་ཡོང་བ་ལ་ཕན་ནུས་མངོན་གསལ་དུ་ཐོན་ཐུབ་ལ། འོད་ཟེར་ལྡན་པའི་མ་འོངས་མདུན་ལམ་ཡང་སྟོན་ཐུབ་པའོ།། །།