སྡེ་དགེ་རྫོང་གིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་།
སྐལ་ཐུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 11-08
ད་ལོ་ནས་བཟུང་། སྡེ་དགེ་རྫོང་གིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན། ཐུམ་འབུའི་ནད་འགོག་བཅོས་ཀྱི་ལས་ཀ་བདེ་བླག་ངང་གོང་འཕེལ་བྱུང་ཞིང་གྲུབ་འབྲས་དངོས་སུ་ཐོབ།
རིན་པ་མི་དགོས་པར་འདེམས་བཤེར་སྨན་བཅོས་བྱས་པ་སྟེ་ཐུམ་འབུའི་ནད་འདེམས་བཤེར་བྱེད་མཁན་གྱི་སྨན་བཅོས་རུ་ཁག་5བགོས་ནས་སྡེ་ཁུལ་ལྔར་ཕྱིན་ནས་འདེམས་བཤེར་བྱས་ཏེ་མིག་སྔའི་བར་རིམ་བརྩིས་བྱས་ན་མི་41021ལ་ཐུམ་འབུའི་ནད་ཡོད་མེད་ཀྱི་འདེམས་བཤེར་བྱས་ཤིང་དེའི་ནང་དུ་ཐུམ་འབུའི་ནད་ཕོག་ཡོད་པའི་ནད་པ་56རིན་པ་མི་དགོས་པར་སྨན་བཅོས་བྱ་རྒྱུ་གྲས་སུ་བཞག་པ་རེད། ཁྱི་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་སྟེ་རིམས་ནད་འབྱུང་སའི་ཁྱིམ་ཚང་གི་ཁྱི་ལ་ཐོ་འགོད་དོ་དམ་དང་ནད་འབུ་དེད་པ་སོགས་ཀྱི་ལས་ཀ་ནན་ཏན་གྱིས་བསྒྲུབས་ཤིང་རྫོང་ཡོངས་སུ་ཁྱི་36654ལ་ཐོ་འགོད་བྱས་ཡོད། ཁྱི་1300ཡི་སྐྱག་པར་ནད་བརྟག་བྱས་ཤིང་ཁྱི་3696གཅིག་བསྡུས་ཀྱིས་གསོ་ཉར་བྱས་ཡོད། ཁྱི་ལ་སྨན་བྱིན་ནས་ནད་འབུ་དེད་ཚད་བརྒྱ་ཆ་75ལ་ཟིན་པ་རེད། འཐུང་ཆུ་གཙང་མ་ཡོང་བར་ཤུགས་བརྒྱབ་པ་སྟེ་འབྲོག་པའི་གཞིས་ཆགས་སའི་མི་ཕྱུགས་ཀྱི་འཐུང་ཆུ་གཙང་མའི་ཨར་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་མིག་ཟབ་མོ་10བརྐོས་པའི་རྨང་གཞིའི་ཐོག་ད་ལོར་སྒོར་ཁྲི་1500བཏང་ནས་ཆུ་མིག་ཟབ་མོ་30བསྐྲུན་ཡོད། དུས་མཚུངས་སུ་བཤས་ར་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྲོག་ཆགས་ཀྱི་དོན་སྣོད་ལ་གནོད་མེད་གཙང་སེལ་དང་སྒོ་ཟོག་གི་གཅིག་བསྡུས་བཤས་ར་འཛུགས་པར་སྐུལ་འདེད་བཏང་བ་རེད།།