སི་ཁྲོན་ཞིང་ཆེན་གྱིས་བོད་ཁུལ་དང་དབྱི་ཁུལ་གྱི་ཐོན་ལས་དབུལ་སྐྱོར་གྱི་འོས་སྦྱོར་ཚོགས་འདུ་དང་ལས་གཞིའི་ཐོག་ཁ་ཆད་མིང་རྟགས་བཀོད་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

ཡེ་མིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། སྤེལ་དུས། 11-08


        སྤྱི་ཟླ11པའི་ཚེས2ཉིན། སི་ཁྲོན་ཞིང་ཆེན་གྱིས་བོད་ཁུལ་དང་དབྱི་ཁུལ་གྱི་ཐོན་ལས་དབུལ་སྐྱོར་གྱི་འོས་སྦྱོར་ཚོགས་འདུ་དང་ལས་གཞིའི་ཐོག་ཁ་ཆད་མིང་རྟགས་བཀོད་པའི་མཛད་སྒོ་དེ་ཁྲེང་ཏུའུ་རུ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་ནི་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལའང་ཧྲན་ཁུལ་གསུམ་གྱི་སྲིད་གཞུང་དང་ཞིང་ཆེན་གཏོང་འཇོག་སྐུལ་སྤེལ་ཅུས་སོགས་ཀྱིས་མཉམ་དུ་སྒྲུབ་འགན་འཁུར་བ་རེད། 
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་གོ་ཀྲུང་གིས་སི་ཁྲོན་ཞིང་ཆེན་གྱི་དབུལ་སྐྱོར་གནད་སྨིན་དང་དབུལ་ཐར་འགག་སྒྲོལ་གྱི་འབྲེལ་ཡོད་གནས་ཚུལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་དུ་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏང་རྒྱུའི་ལས་ཀ་བཀོད་སྒྲིག་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་འགྲོའི་ངོ་འཕྲད་གྲོས་བསྡུར་བྱས་པར་བརྒྱུད་སི་ཁྲོན་ཞིང་ཆེན་གྱིས་བོད་ཁུལ་དང་དབྱི་ཁུལ་དུ་ཐོན་ལས་དབུལ་སྐྱོར་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ནས་ལས་གཞི་44ཡི་ཐོག་ཁ་ཆད་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་774.95གཏོང་འཇོག་བྱ་རྒྱུ་ཡིན་པ་རེད། དེའི་ནང་རྔ་བ་ཁུལ་གྱི་ལས་གཞི་5ལ་མ་དངུལ་སྒོར་དུང་ཕྱུར་49.2གཏོང་འཇོག་བྱ་རྒྱུ་དང་། དཀར་མཛེས་ཁུལ་གྱི་ལས་གཞི་7ལ་མ་དངུལ་སྒོར་དུང་ཕྱུར་389.5གཏོང་འཇོག་བྱ་རྒྱུ། ལའང་ཧྲན་ཁུལ་གྱི་ལས་གཞི་32ལ་མ་དངུལ་སྒོར་དུང་ཕྱུར་336.25གཏོང་འཇོག་བྱ་རྒྱུ་ཡིན་པ་རེད། དངོས་སུ་ཁ་ཆད་མིང་རྟགས་བཀོད་པའི་གན་རྒྱའི་ལས་གཞི་33ཡོད་པར་མ་དངུལ་སྒོར་དུང་ཕྱུར་269.5གཏོང་འཇོག་བྱ་རྒྱུ་ཡིན་པ་དང་། འཆིང་རྒྱའི་གྲོས་མཐུན་བཞག་པའི་ལས་གཞི་11ལ་མ་དངུལ་སྒོར་དུང་ཕྱུར་505གཏོང་འཇོག་བྱ་རྒྱུ་ཡིན་པ་རེད། དགེ་མཚན་ལྡན་པའི་ཐོན་ལས་ཆེན་པོ་བདུན་དང་འཐབ་ཇུས་རང་བཞིན་གྱི་ཐོན་ལས་ཆེན་པོ་བདུན། རྩེ་གྲ་གསར་དར་རང་བཞིན་གྱི་ཐོན་ལས་ཆེན་པོ་ལྔ། སྔོན་ཁྲིད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཆེན་པོ་ལྔ་བཅས་ཀྱི་ཐད་མ་དངུལ་སྒོར་དུང་ཕྱུར་292.8གཏོང་འཇོག་བྱ་རྒྱུ་ཡིན་པ་རེད། ཞིང་ལས་དང་རྨང་གཞིའི་སྒྲིག་ཆས། དེ་མིན་གྱི་ཞབས་ཕྱིའི་ལས་རིགས་སོགས་ཀྱི་ལས་གཞི་31ལ་མ་དངུལ་སྒོར་དུང་ཕྱུར་482.15གཏོང་འཇོག་བྱ་རྒྱུ་ཡིན་པ་རེད།
        ཁུལ་དཔོན་ཡེ་ཤེས་ཟླ་བ་སོགས་རང་ཁུལ་གྱི་འགོ་ཁྲིད་ཀྱིས་ཁག་བགོས་ནས་ཧྲང་ཧའེ་ཡི་ཤར་ཕྱོགས་གསར་པའི་སློབ་གསོ་ཚན་རྩལ་ཚོགས་པ་བཅས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་དང་གསར་སྦོལ་ལས་གཞི་མཉམ་ལས་གྱི་གྲོས་མཐུན་ཡི་གེའི་ཐོག་ཁ་ཆད་མིང་རྟགས་བཀོད་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1