༄༅།།བྱམས་པ་རྡོ་རྗེ།

གངས་དབང་བཀྲ་ཤིས། རྩོམ་སྒྲིག་པ། འོད་ཟེར།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-29


 འདི་ནི་ཁམས་པའི་བོད་སྐད་བརྙན་འཕྲིན་རེད་ཅེས་རྣ་བའི་བུ་གར་ལྷུང་ཐེངས་རེར་སྐད་གསང་མཐོ་ལ་སྒྲ་གདངས་གསལ་བའི་ཁྱད་ཆོས་ཀྱིས་ཡིད་ཀྱི་དྭངས་བ་འཕྲོག་པ་དང་ཆབས་ཅིག་ལས་ལ་ཕྱིར་མི་ལྡོག་པའི་བརྩོན་སེམས་ལྡན་ཞིང་ལུས་ལ་ཁམས་པའི་ན་གཞོན་ཞིག་གི་རང་གཤིས་ལྡན་པའི་བྱམས་མིང་ཅན་དེ་མཐོང་ལམ་དུ་གསལ་པོར་མངོན་བྱུང་།ཁོ་རང་གིས་ཆེས་ཐོག་མར་མི་ཡུལ་རིག་ས་ནི་དཀར་མཛེས་རྫོང་གོང་ལམ་སྡེ་བ་ཡིན་པས་སྐྱེས་དུས་མིག་ལམ་དུ་ཐོག་མར་ཤར་བ་ནི་ལྷུན་བརྗིད་ཀྱི་གངས་རི་དང་རྣ་ལམ་དུ་ཐོག་མར་གྲག་པ་ནི་ལྷུང་ལྷུང་གི་གངས་ཆུ་ཡིན་པས་དུས་དེ་ནས་བཟུང་གངས་དང་འབྲེལ་བ་ཆད་མ་མྱོང་།ན་ཆུང་དུས་ནས་གངས་ཁ་བའི་གདུག་རྩུབ་ཆེ་ཡང་ཀ་ཁའི་འཇིག་རྟེན་དུ་བགྲོད་པས་སྤྱི་ལོ1990ལོར་གངས་རིའི་འདབས་་སུ་གནས་པའི་རིག་པའི་སྐྱེད་ཚལ་དར་མདོ་དགེ་འོས་སློབ་གྲྭ་ཞེས་པར་གངས་རའི་ཕྲེང་བ་ལྟ་བུའི་སློབ་དཔོན་རྣམས་ཀྱི་དྲུང་དུ་གངས་ལྗོངས་རིག་པའི་གནས་ལ་འབད་པའི་སྐལ་བ་ལྡན།མི་གང་ཞིག་ལ་བརྩོན་སེམས་ཀྱིས་གཞིར་བྱས་ཏེ་ཐབས་ལམ་བཟང་པོ་ཡོད་ན་འབད་པའི་བྱ་བ་ལ་འབྲས་བུ་སྨིན་ཐག་ཆོད་ཡིན་པས་ལྟོ་རྒྱབ་ངན་ངོན་ཙམ་ལས་མེད་ནའང་ཁོང་གིས་འགྲོགས་བདེ་བ་སྐེད་རགས་དང་འཇུག་བདེ་བ་ལན་ཚྭ།བཟོད་ཆེ་བ་ཀ་བ་ལྟ་བུ་་ཡིས་བོད་རྒྱ་ཡིག་རིགས་གཉིས་ལ་འབད་པ་ལྷོད་མེད་བྱས་པའི་འབྲས་རྟགས་སུ་བཅད་ལྷུག་སྤེལ་མའི་ཐོག་ནས་རྩོམ་ཡིག་མི་ཉུང་བ་ཚགས་པར་དང་དུས་དེབ་ཏུ་སྤེལ་བ་ལ་དགེ་སློབ་ཀུན་གྱིས་བསྟོད་བསྔགས་བྱས།སྐབས་དེ་དུས་སློབ་གྲྭ་རུ་གནས་མཆོག་རྭ་བའི་བུང་སྒྲ་ཞེས་པའི་རྒྱང་བསྒྲགས་ཁང་ཞིག་བཙུགས་ཡོད།ངེད་གཉིས་ནི་རྒྱང་བསྒྲགས་པཡིན།ཁོང་གི་སྐད་སྙན་པོ་དང་ངག་འབེལ་པོ།སྒྲ་དག་མོ་ལ་ཉན་མཁན་རྣམས་ཀྱིས་དགའ་བསུ་བྱས་པས་ངས་ཡིད་སྨོན་ཤོར་བའང་ལན་གཅིག་མིན།དེ་ལྟར་ལོ་བཞིའི་རིང་ལ་ཆུ་བོའི་རྒྱུན་བཞིན་འབད་བརྩོན་བྱས་ཏེ་སྤྱི་ལོ་1994ལོར་མཐར་ཕྱིན་ཏེ་སྔ་རྗེས་སུ་དཀར་མཛེས་རྫོང་རི་མགོ་སློབ་ཆུང་དང་དྲིལ་བསྒྲགས་པུའུ།རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ལ་ལས་དོན་གཉེར།འཆད་སྟེགས་ཐོག་ཏུ་ཀྲོང་ངེར་འགྱིང་པའི་སློབ་དཔོན་རྣམས་ཀྱིས་བཞག་པའི་བག་ཆགས་ཟབ་མོ་ལ་ཡལ་ཐབས་མེད་པ་དང་སྣབས་ལུད་ཀྱང་གཙང་མར་འབྱིད་མི་ཤེས་པའི་བྱིས་པ་རྣམས་ལ་ཅི་ཞིག་འཆད་འདོད་པའི་ཕུགས་བསམ་ཞིག་དང་བསམ་བློ་གཏོང་ཕྱོགས་ཤིག་གིས་ཡུན་མི་རིང་བར་དཀར་མཛེས་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་རླབས་པོ་ཆེ་དེ་གཉེར།དེ་ནི་ཁོ་རང་ལ་མཚོན་ན་ཆེས་འགྲོ་འདོད་པའི་ལམ་ཞིག་དང་སློབ་བུ་རྣམས་ལ་ཆ་བཞག་ན་མཐའ་བྲལ་བའི་རྒྱ་མཚོ་རུ་དེད་དཔོན་ཞིག་རྙེད་པ་དང་མཚུངས།མི་ལོ་བཅུ་གཉིས་ལྷག་གི་རིང་དུ་རང་ནུས་ཡོད་རྒུས་སློབ་སྟོན་ཀྲུའུ་རིན་དང་གཙོ་འཛིན་དགེ་རྒན་བྱས་ཏེ་མི་རིགས་སློབ་གསོ་ལ་འབད་པས་བོད་ཡིག་སློབ་གྲྭ་ལ་འགྱུར་བ་ཆེན་པོ་སོང་།དང་ཐོག་་སློབ་མ་བརྒྱ་ཙམ་ཡོད་པ་ནས་རིམ་བཞིན་སློབ་མ་བདུན་བརྒྱ་ལྷག་ལ་འཕེལ་ཞིང་མཐོ་འབྲིང་གི་འཛིན་གྲྭ་གཅིག་ལ་སློམ་མ་ལྔ་ཡོད་པ་ནས་ལོ་རིམ་གཅིག་ལ་འཛིན་གྲྭ་གསུམ་ཙམ་བསྡུ་ཐུབ་པ་བྱུང་།སློབ་མ་བརྒྱ་ཕྲག་མང་པོ་གསོ་སྐྱོང་བྱས་ཏེ་སློབ་ཆེན་དུ་རྒྱུགས་འཕྲོད།གུང་སེང་ཡོད་ཚད་ལ་ལས་གྲོགས་རྣམས་དང་མཉམ་དུ་ཟུར་ཁྲིད་མ་བྱས་པ་མེད་ལ་སློབ་གྲྭའི་དགེ་སློབ་རྣམས་རྩ་འཛུགས་བྱས་ཏེ་བོད་སྐད་ཁ་ཤགས་དང་གར་ཆུང་བརྩམས་ཏེ་ཞིང་འབྲོག་སྡེ་ལ་འཁྲབ་སྟོན་སོང་བས་མང་ཚོགས་ཀྱི་སེམས་སུ་སློབ་གསོ་ནི་མི་ཚེ་ཁ་ལོ་སྒྱུར་བའི་བྱེད་པོ་ཡིན་པ་ངོས་ཟིན་བྱུང་།ཞོར་དུ་ཏྲེ་ཧོར་ཡུལ་གྱི་གཏམ་དཔེ་ཕྱོགས་སྒྲིག་དང་དཀར་མཛེས་ཀྱི་བྲོ་གཞས་ཕྱོགས་བསྒྲིགས་སོགས་ས་གནས་དེའི་དམངས་ཁྲོད་རིག་གནས་རྒྱུན་འཛིན་ལ་རང་ནུས་འབུལ།བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་མིང་མཛོད་ལ་ཐོག་མཐའ་བར་གསུམ་དུ་ཞུགས་ནས་རང་ཉིད་ཀྱི་ནུས་པ་བཏོན་པས་རྒན་བྱམས་པ་ཞེས་ཁྱིམ་བདག་རྣམས་ཀྱི་བརྩི་ས་དང་སློབ་མ་རྣམས་ཀྱིས་འབོད་ས་མ་ནོར་བ་ཞིག ་ཏུ་གྱུར་པས་སྐད་གཉིས་སློབ་ཁྲིད་ཀྱི་་ལམ་བུ་རུ་ཁོང་གི་ལྗིད་ཏིག་ཏིག་གི་ཞབས་རྗེས་གསལ་ལོ།
   སྤྱི་ལོ་2009ལོའི་ཟླ་བརྒྱད་པའི་ཉིན་ཞིག་ལ་ཁམས་པའི་བོད་སྐད་བརྙན་འཕྲིན་འཛུགས་རྒྱུ་ཡིན་པ་དང་འབྲེལ་ཡོད་མི་སྣ་བསྡུ་བའི་སྐད་ཆ་དེ་གོ་བས།ཁོང་གི་སེམས་སུ་འདི་ནི་མི་རིགས་རིག་གནས་དར་སྤེལ་དང་རྒྱུད་སྒྲོག་བྱེད་ས་དང་རང་ཉིད་ཀྱང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བའི་ཡུལ་ཞིག་ཡིན་པས་རྒྱུགས་སྤྲད་དེ་བོད་སྐད་མདོ་འཛིན་པ་ཞིག་ཏུ་འགྱུར།གསར་འགོད་པ་ཡིས་དགེ་རྒན་ཞིག་ནས་མདོ་འཛིན་པ་ལ་གྱུར་རྗེས་ཁྱེད་རང་ལ་བསམ་ཚུལ་གང་འདྲ་ཡོད།ན་ཆུང་དུས་ནས་སྙིང་ནས་འདོད་པའི་དགེ་རྒན་གྱི་བྱ་བ་ལ་ད་དུང་འཕྲེང་སེམས་ཆགས་ཡོད་དམ་ཞེས་དྲིས་པར་      ཁོང་གིས་དགེ་རྒན་བྱས་ཀྱང་འདྲ།མདོ་འཛིན་པ་བྱས་ཀྱང་རུང་།བོད་སྐད་བོད་ཡིག་ནི་ང་རང་དགའ་དུས་ཀྱི་སྤྲོ་གླུ་ལེན་ས་དང་སྡུག་དུས་ཀྱི་སྐྱོ་གླུ་ལེན་ས་ཡིན།ང་རང་གནམ་ལ་ལྡིང་བའི་གཤོག་པ་དང་ས་ལ་བབས་པའི་གཤོག་པ་ཡིན།ཁམས་པའི་བརྙན་འཕྲིན་དུ་ལས་ཀའི་དགོས་མཁོ་བཞིན་ཆེད་དོན་རིག་རྩལ་ཁང་དུ་ལས་ཁ་སྒྲུབ་བཞིན་ཡོད་ཅིང་།ད་ལྟར་ཆེད་དོན་རིག་རྩལ་ཁང་གི་གཙོ་འགན་གཞོན་པ་དང་བྱམས་པའི་ཁ་བརྡ་ལེ་ཚན་གྱི་གློག་བརྙན་བཟོ་བདག མདོ་འཛིན་པའི་འགན་ཁུར་བཞིན་ཡོད།དགའ་འོས་པ་ནི་ཁམས་སྐད་བརྙན་འཕྲིན་ལ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་དང་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་མི་སྣ་མང་པོས་དགའ་པོ་དང་རེ་བ་ཆེན་པོ་འཆང་བཞིན་འདུགངེད་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་དང་མཚོ་སྔོན་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་སོགས་ནས་ཕ་སྐད་སྙན་མོའི་དབྱངས་རྟ་ལ་བརྟེན་ནས་རང་ཡུལ་སྤུན་ཟླ་ལ་སྲི་ཞུ་སྒྲུབ་པའི་གོ་སྐབས་བྱུང་བས་སྐབས་རེ་དགའ་སྤྲོའང་ཆེན་པོ་འདུག 2010ལོར་རྒྱལ་ཡོངས་ཀྱི་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་གྱི་དཔྱད་བསྡུར་ལས་རང་ཉིད་ཀྱིས་མདོ་འཛིན་བྱས་པའི་ལེ་ཚན་འབྲོག་གླུ་མཁན་པོ་བཀྲ་ཤིས་ཉི་མ་ཞེས་པ་ལ་རིག་རྩལ་སྐོར་གྱི་བྱ་དགའ་ཨང་དང་པོ་ཐོབ་པས་སྐུལ་མ་ཆེན་པོ་ཐེབས། 2011ལོའི་ཟླ་གསུམ་པའི་ཚེས་11ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་ནས་བྱམས་པའི་ཁ་བརྡ་ལེ་ཚན་གཏོང་ཐུབ་པ་བྱུང་ལ་ལེ་ཚན་འདི་ལ་ལས་ཁུངས་ཀྱི་འགོ་ཁྲིད་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་ཞིང་།ང་རང་གི་རེ་བ་ལ་ལེ་ཚན་འདི་ལས་བོད་ཀྱི་རྒྱུན་ལྡན་འཚོ་བའི་ནང་དུ་མཐོང་ཐོས་མྱོང་གསུམ་ལྡན་པའི་བྱེ་བྲག་གི་རིག་གནས་རེ་རེ་གོ་བདེ་བའི་ཁ་བརྡ་དང་བརྙན་རིས་ཀྱི་རམ་འདེགས།རྒྱ་ཡིག་ཤེལ་ཡིག་གིས་གྲོགས་བྱས་ནས་རྒྱ་ཆེ་བའི་གཟིགས་མོ་བ་རྣམ་པའི་སྤྱན་ལམ་དུ་འབུལ་རྒྱུ་བྱུང་།རེད་དེ་།ཁམས་པའི་བརྙན་འཕྲིན་དང་བྱམས་པའི་ཁ་བརྡ་ནི་ལོ་ན་ཆུང་བའི་བྱིས་པ་ཞིག་དང་འདྲ་བས།རྒྱ་ཆེ་བའི་གཟིགས་མོ་བ་རྣམ་པའི་རེ་འདུན་སྐོང་བ་ལ་བར་ཁྱད་ཆེན་པོ་ཡོད་ཅེས་གསུངས།ཁྱེད་རང་བརྙན་འཕྲིན་མདོ་འཛིན་པའི་བྱ་བར་འཇུག་མ་ཐག་ཡིན་པས་གང་ཅིའི་ཐད་ལ་དགའ་སྐྱི་གཉིས་ལྡན་གྱི་བྲོ་བ་མྱོང་ཡོད་རྒྱུ་རེད།ཕྱིན་ཆད་ཀྱི་འགྲོ་ལམ་ལ་འཆར་གཞིའམ་བསམ་ཕྱོགས་གང་འདྲ་ཡོད་ཅེས་དྲིས་པ་ན་ཁོང་གིས་ཚད་ལྡན་གྱི་མདོ་འཛིན་པ་ཞིག་བྱ་འདོད་ན་ལྟ་རྒྱ་ཆེ་ལ་ཐོས་རྒྱ་ཡངས་དགོས་པ་མ་ཟད་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ཐད་ལ་གཙོ་སྦྱངས་ལན་མང་ཐེབས་དགོས་པས་ལས་ཞོར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རབ་འབྱམས་པ་འདོན་བཞིན་ཡོད།མ་འོངས་པ་ལ་རྒྱང་ལྟ་བྱེད་ཚེ།བསྒྲུབ་འོས་པ་དང་བསྒྲུབ་རན་པའི་བྱ་བ་མང་པོ་འདུག་པས་ང་ཚོས་བློ་མཐུན་ལི་ཁྲང་ཁྲུང་གིས་བཀའ་སློབ་ལྟར།བོད་རིགས་མི་དམངས་ཀྱིས་ལྟ་དགའ་ཞིང་ཉན་འདོད་པའི་བོད་སྐད་བརྙན་འཕྲིན་ཞིག་གཉེར་ཐུབ་པར་རང་ནུས་ཡོད་རྒུ་གདོན་ལོས་དགོས་སྙམ་ཞེས་སྤོབས་པ་དང་བཅས་ཏེ་དེ་ལྟར་གསུངས་བྱུང་།
    དེ་ཡང་ཡིན་ཏེ། རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་སྐུ་དྲིན་དང་རིགས་ཞེན་མཁས་པ་རྣམས་ཀྱི་མཁྱེན་རྒྱ་ལས་ཁམས་པའི་བོད་སྐད་བརྙན་འཕྲིན་དངོས་སུ་བཙུགས་པ་ནས་བཟུང་ཆོལ་ཁ་གསུམ་གྱི་ཞིང་འབྲོག་མི་དམངས་དང་བཅས་པའི་བོད་མི་རྒན་གཞོན་དར་གསུམ་གྱིས་དགའ་བསུ་བྱས་དང་བྱེད་བཞིན་པ་ནི་བོད་རང་ཉིད་ཀྱི་སྐད་ཡིག་གི་ཐོག་ནས་ཏང་གི་སྲིད་ཇུས་བྱེད་ཕྱོགས་དང་རང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། རིག་གནས་དཔལ་འབྱོར་བཅས་བརྒྱུད་སྒྲོག་བྱས་པ་དང་རག་ལས་པས་ཚང་མས་བརྙན་འཕྲིན་གྱི་སྐོར་ལ་ཁ་བརྡ་ལབ་གླེང་བྱས་པའང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་དན་རྟགས་ཤིག་ལགས།དེས་ན་བརྙན་འཕྲིན་ཁང་གི་དབུ་ཁྲིད་དང་མདོ་འཛིན་པ།ཇུས་འགོད་པ་སོགས་ཀྱིས་འགན་ལྕི་ཕྲག་ཏུ་བླངས་ཏེ་ཁམས་པའི་དགའ་ཚལ་དང་བྱམས་པའི་ཁ་བརྡ།འཆི་མེད་ཀྱི་གླེང་མོལ་སོགས་ལེ་ཚན་རབ་དང་རིམ་པ་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བས་ཚང་མས་ད་དུང་རེ་ལྟོས་ཀྱི་མིག་ཟུང་འབུར་ཚུགས་སུ་བལྟས་ཡོད།རེད་དེ།བྱམས་རྡོར་ཁོ་རང་གིས་གསུངས་པ་ལྟར་ལེ་ཚན་དེ་དག་ནི་ད་དུང་ལོ་ན་ཆུང་བའི་བྱིས་པ་དང་འདྲ་བས་ང་ཚོ་བོད་མི་ཀུན་གྱིས་ཐུགས་རྒྱ་ཆེན་པོ་དང་སྤྱན་རྒྱ་ཡངས་པོས་དེ་ཉིད་ཀྱི་འགྲོ་ལུགས་འདུག་སྟངས་ལ་མིག་འཚོ་བྱེད་དགོས་པ་ལས་རང་རང་སོ་སོའི་ཁང་མིག་གྲུ་བཞི་མར་བསྡད་དེ་སྨྲ་བ་བཅད་ནས་བཏང་སྙོམས་སུ་བཞག་པ་ནི་ཕོ་་རབ་ཀྱི་བསམ་གཞིག་མིན་ལ་མོ་རབ་ཀྱི་བྱ་སྤྱོད་ཀྱང་ག་ལ་ཡིན།འདིར་ནན་གྱིས་ཞུས་དགོས་པ་ཞིག་ནི་ཁམས་པའི་བོད་སྐད་བརྙན་འཕྲིན་བཙུགས་པ་ནས་བཟུང་མདོ་འཛིན་པ་བྱམས་རྡོར་དང་བཅས་པས་ཁ་པར་དང་འཕྲིན་ལམ་བཅས་བརྒྱུད་ནས་སློབ་དཔོན་དང་གྲོགས་པོ་རྣམས་ལ་བཀའ་འདྲི་དང་བགྲོ་གླེང་ཡང་ནས་ཡང་དུ་ཞུས་པ་མ་ཟད་སྤྱི་སེམས་བཅངས་པའི་གྲོགས་པོ་རྣམས་ཀྱིས་བཏོན་པའི་བསམ་འཆར་ཡང་དང་ལེན་མཛད་དེ་ཕྱོགས་གང་ཐད་ནས་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་ཡོད།དེ་ནི་ང་ཚོ་ན་གཞོན་རྣམས་ལ་ཆེས་མེད་དུ་མི་རུང་བའི་ཁོག་རྒྱ་ཡིན་ལ་ནང་སྒོས་སུ་འཚར་ལོངས་འབྱུང་བཞིན་པའི་བྱིས་པ་དེ་སྐྱེས་པ་ཕོ་ཞིག་ཏུ་གསོ་སྐྱོང་བྱ་འདོད་ན་ང་ཚོས་མེ་ཏོག་གི་མཆོད་པ་ཁོ་ན་མི་བྱེད་པར་ལེགས་བསྟོད་ཉེས་སྨད་ཀྱིས་བྱིས་པ་དེ་གཉོར་སྐྱོང་བྱས་ན་ཡུན་མི་རིང་བར་རང་གཤིས་འབུར་དུ་ཐོན་ཞིང་རང་རྐང་བརྟན་པོར་ཚུགས་པའི་ཁམས་པའི་བོད་སྐད་བརྙན་འཕྲིན་དེ་སྲིད་མཐའ་བར་དུ་གནས་ཐུབ་ངེས་རེད།
   སླད་མར་ཁམས་པའི་བརྙན་འཕྲིན་གྱི་དགའ་ཚལ་དུ་བྱམས་པའི་ཁ་བརྡ་ནི་གངས་ཆུའི་རྒྱུན་བཞིན་བར་ཆད་མེད་ལ་ཨ་ཁུ་འབྲོག་པའི་ཐོད་པའི་གཉེར་མ་དང་ཨ་ནེ་རོང་པའི་འགྲམ་པའི་མཛེས་་ཀོང་དུ་གང་ལ་དུངས་པའི་སྒེག་འཛུམ་ལྷུག་གེར་གྲོལ་བའི་སྨོན་འདུན་ནན་གྱིས་ཞུའོ།།


རྩོམ་ཡིག་སྔོན་མ།
༄༅།།དབང་ཆེན་ལྷ་མོ། 
རྩོམ་ཡིག་རྗེས་མ།
༄༅།།འཆི་མེད་དབང་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1