དང་པོ། མཆིན་ཚད་ནད་ཀྱི་སྤྱིའི་ངོས་འཛིན།
དེ་ཡང་མཆིན་ཚད་ཅེས་པ་ནི་དོན་ལྔ་སྣོད་དྲུག་གི་ཡ་གྱལ་མཆིན་པ་ལ་ཚ་བའི་ནད་ཞུགས་པའི་མཆིན་ནད་བཅོ་བརྒྱད་ནང་གསེས་ཚ་བའི་རང་བཞིན་གྱི་མཆིན་ནད་བཅུ་གསུམ་ལ་གོ་དགོས་ཏེ། དེའི་རྟགས་སུ་དང་པོ་ཚ་བའི་རྟགས་སྟོན་པ་དང་། དེ་ནས་མཆིན་པའི་སྟེང་ནས་གཟེར་བ། མིག་སྤྲིན་དམར་བ་དང་། མཆིན་པ་རྒྱས་པའི་སྙམ་བྱེད་པ། སྐོམ་དད་ཆེ་བ་དང་ངོ་གདོང་སྣུམ་ཞིང་སྣ་ཁྲག་འཛག་པ། གཡས་ཕྱོགས་ཀྱི་ཀན་རྩ་གྲིམས་ཤིང་མཐོ་བར་འཕར་བ་དང་། ཆུ་མདོག་དམར་རོ་སེར་ལ་དྲི་མནམ་ཞིང་རླངས་པ་ཆེ་བ་དང་ཆང་འཐུང་བ་དང་མེ་དང་ཉི་མས་དྲོས་ཚེ་ལྷག་པར་ན་བ་དང་། ལྕེ་སྐམ་ཞིང་ལུས་པོ་གྱོང་བ་དང་། ལུས་ཀྱི་ཕྱི་དྲོད་ཆེ་བ་སོགས་རྟགས་དེ་དག་ཚང་ན་མཆིན་ནད་ཚ་བར་ངོས་འཛིན་བྱས་ན་འགྲིག་གོ ནད་འདི་ལ་མཆོག་ཏུ་ཕན་པའི་སྨན་སྦྱོར་ཞིག་ཡོད་དེ་སྔོ་སྨན་ཨུཏྤལ་གྱིས་གཙོ་བོ་བྱས་པའི་སྦྱོར་སྡེ་དག་ཡིན།
གཉིས་པ། ཨུཏྤལ་གྱི་ངོས་འཛིན།
ཨུཏྤལ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ་བོད་སྐད་དུ་བསྒྱུར་ན་སྟེང་འཐུང་ཞེས་འགྱུར་ཅིང་ཙ་རི་སོགས་སུ་སྐྱེས་པའི་ཨུཏྤལ་གྱིས་ས་ནང་གི་འཚོ་བཅུད་སྡོང་རྐང་གིས་འཐུང་ནས་མེ་ཏོག་གི་སྟེང་དུ་ཟིལ་བ་རྒྱུན་དུ་མཐོང་བའི་མཚན་ཉིད་དང་ལྡན་པ་ཡོད་ཅེས་སྐྱེམས་པ་ཚེ་དབང་གིས་གསུངས་བས་སོ། །
རྩི་ཤིང་དེ་ནི་ལོ་གཅིག་དང་ལོ་མང་སྐྱེ་བའི་སྔོ་སྨན་ཞིག་ཡིན་ལ། མདོག་སེར་པོའིི་ཁུ་བ་དང་ལྡན། རྩ་བ་མངོན་གསལ་དོད་ལ་མཐུག་ལ་རིང་བ་ལ་ཕུག་དང་འདྲ། གཞུང་རྟ་ལ་ཡལ་ག་མེད་པའམ་ཉུང་བ། མེ་ཏོག་ཆིག་སྐྱེས། ཚེར་སྤུ་དང་མཁྲེགས་སྤུ། གཉེན་སྤུ། སྤུ་མེད་བཅས་འབྱུང་བ། ལོ་མ་ཚང་མར་རྩ་བ་ནས་བང་རིམ་པད་གདན་ལྟར་སྐྱེས་པ་དང་ཡང་ན་གཞུང་རྟའི་སྟེང་དུ་སྐྱེས་ཡོད། པད་གདན་ལྟ་བུའི་ལོ་མ་དེ་དག་དགུན་དུས་ཇེ་ཉུང་དུ་གྱུར་ནས་སེར་ནག་གྱུར་ཡོད། ལོ་མའི་མཐའ་འཁོར་སྙོམས་པ་དང་སོག་ལེ་ཁ། བྱེའུ་སྒྲོ་གས་པ་དང་གཤགས་པ་ལྟ་བུ་དང་། རྩ་བའི་ལོ་མ་དང་གཞུང་རྟའི་བར་གྱི་ལོ་མར་ལོ་རྐང་རིང་བ་དང་སྟོད་ཆའི་ལོ་མ་ལོ་རྐང་ཐུང་ལ་མེད་པ། སྡོང་པོར་བསྟུམས་པའི་དབྱིབས་བཅས་ལྡན། མེ་ཏོག་དེ་རྐང་གི་རྩེ་དང་ལོ་ཤུབ་མེད་པའི་གཞུང་རྟའི་ངོས་སུ་འཁྲུངས་ཡོད། ཁེར་སྐྱེས་དང་བརྩེགས་རིམ་ཅན། གཟེར་མ་བརྒྱབ་པ་ལྟ་བུའི་རིམ་སྐྱེས་བཅས་ཡོད། མེ་ཏོག་གི་ཁ་དོག་ནི་སྔོ་སེར་དཀར་དམར་སོགས་ཅི་རིགས་འབྱུང་ལ་མཛེས་ཤིང་ཆེ་བ་དང་། འདབ་གདན་ནམ་མེ་ཏོག་གི་གོས་ཆ་གཉིས་ཀྱིས་བསྟིམས་ཡོད་ལ་ལན་རེར་རྩེ་མོའི་མེ་ཏོག་གི་གོས་ཆ་3ནས་4ལ་གྱེས་ཡོད་མོད། སྔ་མོ་ནས་ཟགས་འགྲོ། ནམ་རྒྱུན་མེ་ཏོག་རེ་ལ་འདབ་མ་4དང་ལྡན་མོད་མཚམས་རེར་5ནས་10བར་ངེས་མེད་འབྱུང་། ཟེའུ་འབྲུ་ཕོ་མང་པོ་ཡོད་ལ་ཟེ་རྐང་ཧ་ཅང་ཕྲ་བའི་སྐུད་པ་འདྲ། བུ་སྣོད་ལྒང་དབྱིབས་དང་སྒོང་དབྱིབས། འཇོང་དབྱིབས། སྙུང་ཟླུམ་དབྱིབས་སོགས་ཅི་རིགས་འབྱུང་། མངལ་ཁང་དུ་སོན་ཁུང་གསུམ་དང་སྦྲུམ་སོན་མང་པོ་ཡོད། ཟེ་འབྲུའི་ཀ་བ་གསལ་ཞིང་ཐུང་ལ་མཚམས་རེར་མི་མངོན་པ། མགོ་རྔ་སྙོམས་པ་དང་མི་སྙོམས་པ་སྨད་ཆ་རྒྱས་ནས་མངལ་ཁང་བཀབ་པ་སོགས་ཡོད་ལ། ཟེ་འབྲུའི་ཀ་མགོ་གྱེས་པ་དང་འབྲེལ་བ། གཟེང་བ། གུག་པ། སྦྲུམ་ཁུང་དང་ཆ་སྐྱེ་བཅས་ཡོད། འབྲས་བུ་ཏིལ་གང་མ་ཟླུམ་དབྱིབས་དང་སྒོང་དབྱིབས། འཇོང་དབྱིབས། སྒོར་འཇོང་དབྱིབས། འཇོང་ཟླུམ་རིང་གཟུགས་དང་སྙུང་དབྱིབས་ཅི་རིགས་ཡོད་པའི་སྟེང་དུ་ཚེར་མ་དང་ཐུར་སྤུའི་ཁྱབ་པ། མེ་ཏོག་གི་འདབ་མའི་མཐའ་འཁོར་གས་ཤུལ་འདབ་མ་སྤྱིའི་སུམ་ཆ་གཅིག་ཟིན་པའམ་དེ་ལས་ཆེ་བའང་ཡོད། སོན་དབྱིབས་ལ་ཡང་སྒོང་དབྱིབས་དང་མཁལ་དབྱིབས། འཇོང་ཟླུམ་དབྱིབས་ཅན་འཇམ་ལ་རི་མོ་ཡོད་པ་དེའོ། །
ཨུཏྤལ་གྱི་སྐྱེ་གནས་ནི་མཚོ་འཕགས་སྨི་3000ནས་5000བར་གྱི་སྤང་རི་མཐོན་པོ་དང་རྡོ་ཧྲོབ་ཅན། སྲིབ་ཕྱོགས་ཀྱི་ཤིང་ཕྲན་དང་ནགས་ཚལ། ཆུ་མིག་སོགས་ཀྱི་ཉེ་འདབས་སུ་འཁྲུངས་ཡོད། བོད་ལྗོངས་ཀྱི་སྣོད་བཅུད་ལེགས་པའི་ས་ཁུལ་དང་རྫོང་སོགས་ནས་ཐོན་གྱི་ཡོད་ལ་གཞན་སི་ཁྲོན་དང་ཀན་སུའུ། མཚོ་སྔོན། ཡུན་ནན་སོགས་ནུབ་རྒྱུད་ཀྱི་ས་ཁུལ་གང་སར་ཡོད་པའི་སྐྱེས་དངོས་རྩ་ཆེན་ཞིག་ཡིན།
གསུམ། སྔོ་སྨན་ཨུཏྤལ་སྨན་སྦྱོར་བསྡུ་སྒྲིག
དེ་ལྟར་རྒྱ་མེན་སྡེ་ཡི་སྟེང་འཐུང་མེ་ཏོག་གི་རྩ་ལོ་མེ་འབྲས་སོགས་སྤྱིའི་རྣམ་པ་ཞིབ་འབྲི་བྱས་རྗེས་ད་དུང་ཤིན་ཏུ་གལ་ཆེན་ཞིག་ཡོད་པ་ནི་བོད་ལུགས་གསོ་རིག་སྨན་གཞུང་དུ་གསུང་བའི་སྔོ་སྨན་ཨུཏྤལ་དེ་གང་ཡིན་པ་དང་ཇི་ལྟར་སྤྱོད་པ། ནད་རིགས་གང་ལ་གཏོང་བ་དེ་རེད། དེ་ཡང་བོད་ལུགས་གསོ་རིག་གཞུང་དུ་མེ་ཏོག་ལ་བལྟས་ཏེ་སྔོ་སེར་དཀར་དམར་བཅས་ཨུཏྤལ་རིགས་བཞི་ལ་ངོས་འཛིན་གྱི་ཡོད་པ་དང་། བོད་སྨན་དུ་མེ་ཏོག་གཏོང་གི་ཡོད་པས་སྤྱི་ཟླ་དྲུག་པ་ནས་བརྒྱད་པའི་བར་མེ་ཏོག་བཏུས་ནས་བསིལ་སྐེམ་བྱས་ནས་སྤྱོད་བཞིན་ཡོད། དེ་ཡང་རང་ཉིད་ཀྱིས་གསོ་རིག་རྒྱུད་བཞིའི་ནང་ཨུཏྤལ་གྱི་མཚན་མིང་ཐེངས་གྲངས་74ཙམ་མཇལ་མྱངས་ཡོད་ལ་དེ་དག་ཕལ་ཆེ་བ་ཚ་བའི་ནད་རིགས་སྤྱི་དང་ཁྱད་པར་མཆིན་མཁྲིས་ཀྱི་ཚད་རིགས་ནད་ལ་གཏོང་གི་ཡོད་པ་དཔེར་ན། རྒྱུད་ཀྱི་གུར་གུམ་གསུམ་པ་དང་ཨུཏྤལ་བརྒྱད་པ། མཁྲིས་ནད་སེལ་བའི་ག་བུར་བདུན་པ། སྨུག་པོའི་གཉེན་པོ་བདུན་སྦྱོར་སོགས་ཚ་བའི་ནད་རིགས་ཀྱི་སྨན་སྦྱོར་དག་རེད། དེ་ནི་གཙོ་བོ་སྔོ་སྨན་ཨུཏྤལ་གྱི་རོ་མངར་ལ་ཚ་བ་དང་ངོ་བསིལ་བ་ཡིན་པས་རྒྱུད་ལས་གསུངས་བ་བཞིན་ཨུཏྤལ་གློ་མཆིན་ཚད་པ་མ་ལུས་སེལ་ཞེས་གསུངས་པ་དང་ཡོངས་སུ་མཐུན་པས་སོ། །
2016ལོའི་《ཁ་བཏགས་དཀར་པོ།》དེབ་3པ་ལས་བཤུས།