ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-21


        སྤྱི་ཟླ་11པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་ནས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ད་ལོའི་ཚུན་ལ། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱིས《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་སྲོལ་ཡིག》ལ་གྲོས་མཐུན་བཀོད་ནས་ལོ་འཁོར་15ལོན་པ་དང་འཐབ་ཇུས་མཛའ་འབྲེལ་བཙུགས་ནས་ལོ་20ལོན་པར་རྟེན་འབྲེལ་ཞུ་བར་དམིགས་ཏེ། ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་སྟོབས་ཤུགས་ཇེ་ཆེར་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ལོ་གསར་པའི་ནང་དུ་མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་སྔར་ལས་ཇེ་མང་དུ་གཏོང་བ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་པ། ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་དང་འབྲེལ་མཐུད་མཉམ་ལས་བྱེད་པ་དང་། སྨྱན་བྱད་བརྗེ་རེས་ལོ་སོགས་མི་ཆོས་བརྗེ་རེས་བྱ་འགུལ་བཟང་བོར་བསྒྲུབ་པ། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།
        ཕུའུ་ཅིན་གྱིས་ཡང་བསྐྱར་ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲོས་མོལ་བྱས་པར་དགའ་སྤྲོ་སྐྱེས་བཞིན་ཡོད་ལ། ཨུ་རུ་སུ་དང་ཀྲུང་གོའི་ཆུ་ཚད་མཐོ་བའི་འབྲེལ་བ་དེ་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་ཧ་ཅང་གལ་ཆེ་བས། ཕྱོགས་གཉིས་ཀྱིས་མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་དམ་འཛིན་བྱ་དགོས། དེང་སྐབས། ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་དཔལ་འབྱོར་བཟོ་ཚོང་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། ཨུ་རུ་སུའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་སྦྲེལ་མཐུད་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་པ་དང་། ཨུ་རུ་སུ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་སྣ་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1