འཛམ་ཐང་དགོན་པའི་མཚན་ཡོངས་ལ་འཛམ་ཐང་བསམ་འགྲུབ་ནོར་བུ་གླིང་ཞེས་ཟེར་ཞིང་དགོན་དེའི་ཆོས་ཁུངས་བོད་ལྗོངས་རྟག་བརྟན་དམ་ཆོས་གླིང་ལ་ཐུག་ཡོད། གཙང་པ་དགོན་པ་དང་། ཆོས་རྗེ་དགོན་པ། ཚེས་བཅུ་དགོན་པ་གསུམ་གྱིས་གྲུབ་པའི་ཇོ་ནང་བའི་དགོན་ཆེན་དེས་མཚམས་རེར་ཁྲི་པ་མཉམ་དུ་བསྐོ་བ་དང་ཆོས་ཐོག་མཉམ་དུ་འཚོགས་སྲོལ་ཡོད།
གཙང་པ་དགོན་པ་ནི་ད་ལྟ་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་ན་མདའ་ས་ཁུལ་གྱི་འཛམ་ཐང་བར་མ་ཞང་དུ་ཆགས་ཤིང་། དེ་ནི་ཇོ་ནང་ཏཱ་ར་ན་ཐའི་ཐུགས་ཀྱི་ཡང་སྲས་ངག་དབང་འཕྲིན་ལས་ཀྱི་ཚ་བོ་ངག་དབང་བསྟན་འཛིན་རྣམ་རྒྱལ་གྱིས་དུས་རབས་བཅོ་བརྒྱད་པའི་དུས་མགོར་བཞེངས་པ་རེད། ཐོག་མར་ཆོས་སྲིད་བདག་གཉེར་ཁང་གཙང་ཆེན་གོང་མའི་ཕོ་བྲང་བཙུགས་ཡོད་ཅིང་གཙང་པ་སྤྲུལ་སྐུ་གོང་སྨད་གཉིས་སུ་ཕྱེས་ཏེ་བརྒྱུད་ཀྱིན་ཡོད། གཙང་པ་གོང་མར་གཙང་པ་གཟིམ་ཁང་ཕོ་བྲང་དང་གཙང་པ་སྨད་པ་ལ་གཙང་པ་འགབ་མ་ཡག་མདོའི་སྒར་དུ་གྲགས། དགོན་གནས་དེར་ཚོགས་ཆེན་འདུ་ཁང་དང་། ཆོས་གྲྭ། སྒྲུབ་གྲྭ། པར་ཁང་། གྲྭ་ཤག་སོགས་མང་ལ་འཛམ་ཐང་ཉེ་འཁོར་གྱི་གཞི་རྒྱ་ཆེས་ཆེ་བའི་ཇོ་ནང་བའི་དགོན་ཆེན་ཞིག་ཡིན། སི་ཁྲོན་འཛམ་ཐང་དང་རྔ་བ། མཚོ་སྔོན་མགོ་ལོག་ཁུལ་གྱི་པད་མ། དགའ་བདེ། གཅིག་སྒྲིལ་རྫོང་ཁོངས་སུ་ཆགས་པའི་ཇོ་ནང་བའི་དགོན་སྡེ་མང་ཤོས་འདིའི་དགོན་ལག་ཏུ་གཏོགས། ཆོས་སྡེ་དེར་ཚྭ་ཁ་དང་། དགོན་ལེབ། ས་དམར། ཆོས་ཐང་། བྱ་ཡུར། འཛི་པོ། ཡག་མདོ། གྲྭ་ས་བ་བཅས་ཁང་ཚན་བརྒྱད་དུ་བཀར་ཡོད་ལ། ཚད་མ་དང་ཤར་མདོ། མཛོད། དུས་འཁོར། དབུ་མ། འདུལ་བ་སོགས་འཛིན་གྲྭ་དྲུག་དང་། སྒྲུབ་གྲྭར་སྦྱོར་བ་ཡན་ལག་དྲུག་དང་། ལམ་འབྲས། རྫོགས་རིམ། བསྐྱེད་རིམ་བཅས་འཛིན་གྲྭ་བཞི་བཙུགས་ཡོད། པར་ཁང་དུ་ཤིང་པར་ཆིག་ཁྲི་ལྔ་སྟོང་དང་། འདུ་ཁང་དུ་དྲུང་བཀའ་བཞི་པ་རིན་ཆེན་དཔལ་དང་ངག་དབང་རྡོ་རྗེ་བཟང་པོ་རྣམ་གཉིས་ཀྱི་སྐུ་གདུང་མཆོད་རྟེན་བྱིན་རླབས་ཅན། ངག་དབང་དཀོན་མཆོག་དར་རྒྱས་ཀྱི་གསེར་ཟངས་ཀྱི་སྐུ། གཞན་ཡང་ཇོ་བོ་ཤཱཀྱ་མུ་ནེ། མི་འགྱུར་རྡོ་རྗེ། མགོན་པོ་སོགས་ཀྱི་ཟངས་སྐུ་བཞུགས། སྡེ་དགེ་པར་ཁང་གི་བཀའ་བསྟན་འགྱུར་གླེགས་བམ་ལྔ་སྟོང་སུམ་བརྒྱ་ཡོད་ལ། འདུ་ཁང་གི་གྱང་ལྡེབས་སུ་སྟོན་པ་སངས་རྒྱས་ཤཱཀྱ་མུ་ནེའི་སྐྱེས་རབས་དང་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་མཚོན་པའི་ཚོན་རིས་བཞུགས། ཁྱོན་བསྡོམས་ཟངས་སྐུ་དྲུག་བརྒྱ་དང་། འབག་སྐུ་བརྒྱ་དང་ཉི་ཤུ། མ་ཎི་འཁོར་ལོ་བཞི་བརྒྱ་ཉི་ཤུ། ལྡེབས་རིས་བཞི་བརྒྱ། ཐང་ཀ་སུམ་ཅུ། དངུལ་གདུང་མཆོད་རྟེན་བཞི་བཅུ། ཟངས་གདུང་མཆོད་རྟེན་བཅུ་བཅས་བཞུགས། ད་ལྟ་གྲྭ་པ་སྟོང་ལ་ཉེ་བ་བཞུགས།
(མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས། )