བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བདག་ཉིད་སློབ་དཔོན་ཆེན་པོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་མཛད་འཕྲིན་རགས་ཙམ་བཀོད་པ།
ཀརྨ་ཚེ་རིང་དང་རྡོ་རྗེ་དཔལ།
སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག
སློབ་དཔོན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་ནི། 1930ལོར་ཤར་རྒྱལ་མོ་ཚ་བ་རོང་གི་བཙན་ལྷར་འཁྲུངས། དགུང་ལོ་གསུམ་ཐོག་ཆོས་གླིང་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང། 1941ལོར་ལྷ་ས་འབྲས་སྤུངས་བློ་གསལ་གླིང་དུ་ཕྱིན་ནས་ལོ་ངོ་བདུན་གྱི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་དཀའ་སྤྱད་སྡུག་རུས་མཛད། 1948ལོར་ཕར་ཕྱིན་དམ་བཅའ་བཞག་རྗེས་གུང་གསེང་གི་ཚུལ་དུ་རང་ཡུལ་དུ་ལོག 1951ལོར་ལས་བྱེད་པའི་གྲལ་དུ་ཞུགས། 1958ལོ་ནས་1959ལོའི་བར་རྔ་བ་ཁུལ་གཞོན་ནུ་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་ལས་འཛིན་མཛད། 1977ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང། 1989ལོར་སློབ་དཔོན་ཆེན་མོའི་གོ་མིང་ཐོབ། དགུང་ལོ་དྲུག་ཅུ་རེ་བརྒྱད་དེ་1997ལོར་ལྷོ་ནུབ་མི་རིགས་སློབ་གླིང་ནས་ལས་འཁྱུར་ངལ་གསོ་མཛད། ཁོང་གི་གསུང་རྩོམ་ལ་《 བརྡ་དཀྲོལ་གསེར་གྱི་མེ་ལོང་།》དང་《རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས།》 《རྒྱལ་རོང་ཁ་སྐད་ཚིག་མཛོད།》 《 ཨ་མདོའི་སྐད་དང་རྒྱལ་རོང་སྐད་དཔྱད་སྡུར་དབྱེ་ཞིབ།》 《 བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས།》 《རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས།》(རྒྱ་ཡིག)སོགས་དང་། འགྱུར་ཡིག་ལ་《རླངས་ཀྱི་པོ་ཏི་བསེ་རུ།》དང་《བཀའ་ཆེམས་དེབ་ཐེར།》《བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་།》སོགས་དང་། གནའ་དཔེ་དཔེ་སྒྲིག་སྐོར་ལ་《 གེ་སར་སྒྲུང་བཤད་པ་རྣམ་བདུན།》 དང་《གེ་སར་སྒྲུང་ཟངས་མདོག་དཔལ་རི།》《ཇོ་ནང་ཆོས་འབྱུང་།》 《ཇོ་ནང་ཆོས་འབྱུང་གི་ལྷན་ཐབས།》 སོགས་ཡོད། དེ་བཞིན་དཔྱད་རྩོམ་ཁག་དྲུག་ཅུ་ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སོ་སོར་འགྲེམ་སྤེལ་བྱས་ཡོད། སྔ་ཕྱིར་ཐེ་གོ་དང་དབྱི་ཐ་ལི། ཨ་མེ་རི་ཁ་བཅས་རྒྱལ་ཁབ་དག་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་འདུར་ཕྱིན་ནས། དཔྱད་རྩོམ་དུ་མ་འཆད་ཁྲིད་མཛད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་རབ་དང་རིམ་པ་ཐོབ།
དགེ་རྒན་རྣམས་དང་མཉམ་དུ་སློབ་ཁྲིད་སྐོར་གྱི་གྲོས་མོལ་གནང་བཞིན་པ།
ཤེས་རིག་བདུད་རྩི་ཇི་འདོད་བསྩལ། །
རིག་གནས་འདབ་བཟང་ལྷུག་གེར་བཞད། །
1977ལོར་ཁོང་ཉིད་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བར་སླེབས་དུས། རིག་གསར་མཇུག་བསྒྲིལ་མ་ཐག་ཡིན་པས། བོད་རིག་གནས་དང་སློབ་གསོ་ཧ་ཅང་ཉག་ཕྲ་བའི་དུས་སྐབས་ཤིག་ཏུ་གནས་ཤིང་བསམ་བློ་ཡང་ཧ་ཅང་གུ་དོག ཁོང་གིས་སྐབས་དེར་སུམ་རྟགས་ཀྱི་སྤྱི་འགྲོས་ཙམ་དང་ཡིག་ཚགས་འགའ། 《 མའོ་ཙེ་ཏུང་གི་གསུང་བཏུས།》 འགྱུར་མ་ཙམ་མ་གཏོགས་བསླབ་ཚན་མི་འདུག་ཅེས་གསུངས། བྱ་གཞག་ཅི་ཞིག་སྤེལ་ཡང་གེགས་དང་བར་ཆད་མང་པོར་འཕྲད་ཀྱང་དཀའ་བ་བརྒྱ་ཕྲག་ཁྱད་དུ་གསད་ཅིང་རིག་གནས་དང་སློབ་གསོའི་ ་བྱ་བ་གོང་ནས་གོང་དུ་སྤེལ། ཁོང་གིས་སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་གླིང་མི་རིགས་སྐད་ཡིག་ཚན་ཁག་དང་མི་རིགས་སྐད་ཡིག་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཏེ། ཐོག་མར་སྔར་ཡོད་ཀྱི་བསླབ་ཚན་ལ་ཁ་སྣོན་བགྱི་བའི་ཁུར་བཞེས། སྙན་ངག་གི་འགྲོ་ལུགས་ཙམ་མ་ཤེས་ན་བོད་རང་གི་རིག་གཞུང་གང་ཡིན་རུང་གོ་བ་ལེན་དཀའ་བར་དགོངས་ནས། རྒྱལ་དབང་ལྔ་པ་དང་མཁས་དབང་དམུ་དགེ་བསམ་གཏན་སོགས་གནའ་དེང་རབས་མཁས་པའི་སྙན་ངག་ལུང་དུ་དྲངས་ནས་ཁྲིད་པར་མ་ཟད། སྙན་ངག་དགེ་རྒན་ཞིག་ཡིན་ན་རང་གི་སྙན་ངག་གི་དཔེར་བརྗོད་ཅིག་མེད་དུ་མི་རུང་བར་དགོངས་ནས། གནའ་རབས་སྙན་ངག་དང་མི་འདྲ་བར་དེང་སང་གི་མཐོང་ཐོས་དྲན་རེག་ཏུ་གྱུར་བའི་རླངས་འཁོར་དང་འཕྲུལ་རྟ་སོགས་མངོན་སུམ་བྱ་དངོས་དག་བརྗོད་བྱ་གཙོ་བོར་བཟུང་ནས་དཔེར་བརྗོད་བྲིས་ཏེ་སྙན་ངག་གི་ཁྲིད་གཞི་ཆ་ཚང་བ་མཛད། ཚད་མ་ནི་སློབ་མའི་རིག་སྒོ་འབྱེད་ཐབས་མཆོག་ཏུ་གྱུར་བ་ཞིག་ཏུ་དགོངས་ནས་སློབ་དཔོན་དམུ་དགེ་བསམ་གཏན་གྱིས་བརྩམས་པའི《ཚད་མ་བློ་གསལ་རིགས་སྒོ།》གཙོར་བཟུང་ནས་ཁྲིད། བོད་རིག་པའི་གནའ་རབས་བསྟན་བཅོས་གང་ཡིན་ཡང་ཆོས་ལུགས་ལ་འབྲེལ་བ་ཆེན་པོ་ཡོད་པར་མ་ཟད། ཆོས་ལུགས་བརྡ་ཆད་ཀྱང་ཤིན་ཏུ་མང་། ཆོས་གཞུང་ལ་ངེས་ཤེས་ཙམ་མེད་ན། བསྟན་བཅོས་རེ་རེའི་ནང་དོན་ཆ་ཚང་བར་གོ་བ་ལེན་དཀའ་བར་དགོངས་ནས། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི《 གྲུབ་མཐའ་ཤེལ་གྱི་མེ་ལོང་།》 གཙོར་བཟུང་ནས་གྲུབ་མཐའ་སོ་སོ་སློབ་ཁྲིད་མཛད། དེ་ལྟར་ཡུན་རིང་གི་སློབ་ཁྲིད་བརྒྱུད་རིམ་ཁྲོད། མུ་མཐུད་དུ་འཚོལ་ཞིབ་དང་མུ་མཐུད་དུ་ལག་ལེན་བརྒྱུད་ནས་བོད་ཡིག་སློབ་ཁྲིད་ཁྱད་ཆོས་དང་ཆོས་ཉིད་ལ་འཚམས་པའི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་མཛད་ཅིང་། ཐུན་མོང་མ་ཡིན་པའི་བོད་ཡིག་སློབ་ཁྲིད་ཀྱི་མ་ལག་ཅིག་མཛད་དེ། སློབ་ཁྲིད་སྤུས་ཚད་མཐོ་ནས་མཐོ་རུ་གཏོང་བར་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། ཁོང་གིས་དངོས་གཞི་སློབ་མར་སློབ་ཁྲིད་ཐད་བོད་རིག་པའི་ཁྱད་ཆོས་ལྟར་བོད་ཡིག་བསླབ་གཞི་བཀོད་སྒྲིག་བྱེད་པའི་རྩ་དོན་བཏོན་ནས། སྔ་གཞུག་ཏུ་《སུམ་རྟགས་དག་གསུམ།》དང་《སྙན་ངག་སྤྱི་བཤད།》 《 གནའ་རབས་བསྟན་བཅོས་གཅེས་བཏུས།》 《 བོད་ཀྱི་ལོ་རྒྱུས།》 《 ནང་བསྟན་སྤྱི་བཤད།》 《 གནའ་བོའི་ཡིག་རྙིང་།》 སོགས་བསླབ་ཚན་དགུ་ཆེད་དུ་ཁ་སྣོན་མཛད་དེ། ཆེད་ལས་སློབ་ཁྲིད་ཀྱི་གཞི་རྒྱ་ཆེ་རུ་བསྐྱེད་ཅིང་སློབ་མའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། བོད་རིག་པའི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་མ་ལག་ཅིག་ལྷོ་ནུབ་མི་རིགས་སློབ་གླིང་དུ་དར་ཁྱབ་བཏང་།
མ་གྲོང་དགེ་འདུན་སོགས་དང་ལྷན་དུ་བཀའ་བསྟན་དཔེ་བསྡུར་མཛད་བཞིན་པ།
དགེ་རྒན་ཞིག་གིས་སློབ་ཁྲིད་ཁྲོད་ཐོན་པའི་གཙོ་ཁྲིད་ནུས་པར་ཁོང་གིས་ལྷག་ཏུ་མཐོང་ཆེན་མཛད་དེ། ཚད་དང་ལྡན་པའི་མཐོ་རིམ་སློབ་གྲྭའི་སྐད་ཡིག་དགེ་རྒན་ཞིག་ཡིན་ན། ཤེས་རྒྱ་རྒྱ་མཚོའི་གཏིང་ལྟར་ཟབ་ལ་རྒྱ་ཆེ་བ་ཞིག་ཡིན་དགོས་ཞེས་གསུངས་ཤིང། ཁོང་གི་དཔྱད་རྩོམ་《བོད་ཡིག་སློབ་ཁྲིད་སྒྱུར་བཅོས་དང་འཚོལ་ཞིབ།》ལས་འདི་ལྟར་བསྟན་ཡོད་དེ། བོད་ཡིག་དགེ་རྒན་ཞིག་ཡིན་ན། བོད་སྐད་བཤད་ཤེས་པ་ལས་གཞན། ད་དུང་ཆ་རྐྱེན་བཞི་ངེས་པར་དུ་ལྡན་དགོས་ཏེ། བོད་ཀྱི་བརྡ་སྤྲོད་དང་སྙན་ངག་བྱང་ཆུབ་པར་མ་ཟད། རྒྱུན་མཁོའི་ཚིག་རྒྱན་ཡང་བཀོལ་ལ་མཁས་པ། ཚད་མ་རིག་པའི་མིང་ཚིག་གི་གོ་དོན་དང་ཆོས་ཉིད་བྱང་ཆུབ་པ། ཆོས་ལུགས་གྲུབ་མཐའ་ཁག་ལ་སློབ་སྦྱོང་བྱས་ཏེ་ཆོས་ལུགས་ཀྱི་སྤྱི་ཁོག་རགས་ཙམ་མ་ཤེས་ན། བོད་རིག་པའི་བསྟན་བཅོས་སུ་རྒྱུན་པར་འཕྲད་པའི་བརྡ་ཆད་དག་ལ་གོ་བ་ཡང་དག་པ་ལེན་དཀའ་ཞེས་སོ།། ཁོང་གི་ལྟ་བ་འདི་དགེ་རྒན་རྣམས་ཀྱིས་དང་དུ་བླངས་ནས་སློབ་ཁྲིད་ཁྲོད་རྒྱུན་པར་བོད་ཀྱི་སྐད་དང་ཡི་གེ། ལོ་རྒྱུས། ཚད་མ། ཆོས་ལུགས་སོགས་སྣ་མང་ཤེས་བྱ་སློབ་ཁྲིད་བྱས་པས་སློབ་ཁྲིད་ཕན་འབྲས་བཟང་པོ་ཐོབ་ཡོད།
བརྡ་རྙིང་གསང་སྒོ་འབྱེད་པའི་ལྡེ་མིག་ལ།།
《 བརྡ་དཀྲོལ་གསེར་གྱི་མེ་ལོང་།》བླ་ན་མེད༎
བོད་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་ན་རྒྱུན་པར་བརྡ་རྙིང་མང་པོར་འཕྲད་ནས་དཀའ་ཁག་མི་ཉུང་བ་མྱོང་བཞིན་ཡོད། ཁོང་གིས་དོན་འདི་ལ་དམིགས་ནས་སློབ་ཁྲིད་གནང་སྐབས། བརྡ་རྙིང་རེ་ལ་འཕྲད་ན་འགྲེལ་བ་རེ་བཤད་ཀྱང་། དེ་ནི་ཐ་རེ་ཐོར་རེའི་ཤེས་བྱ་ཙམ་ཁོ་ན་ཡིན་པ་ལས། རྩ་བ་དང་སྤྱི་ཁོག་ནས་ངོས་ཟིན་གྱི་མེད་པར་དགོངས་ནས། བརྡ་རྙིང་དག་སྒྲིག་བྱ་བར་ལོ་ངོ་ལྔ་ལྷག་ལ་འབད་བརྩོན་བྱས་ཏེ། ཡིག་འབྲུ་ཁྲི་དྲུག་ཅུ་ལྷག་ཡོད་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་།》གི་མ་ཡིག་ཅིག་མཛད། ལས་རོགས་དགེ་རྒན་རྣམས་ཀྱིས་གདེང་འཇོག་ཆེན་པོ་མཛད་ཅིང་། ཡོངས་ཀྱིས་དེ་ནི་བོད་རིག་པ་སློབ་པའི་གྲོགས་མཆོག་ཅིག་དང་གནའ་རབས་རིག་གནས་བང་མཛོད་ཀྱི་སྒོ་མོ་ཆེ་འབྱེད་པའི་ལྡེ་མིག་ཏུ་འདོད་མོད། ཁོང་ཉིད་ད་དུང་དེ་ཙམ་གྱིས་དགོངས་པ་མ་ཚིམ་པར་ལས་ཞོར་དུ་དཔྱད་གཞིའི་དཔེ་རྙིང་འཚོལ་ཞིབ་དང་འཚོལ་སྡུད་བྱས་ཏེ་མུ་མཐུད་དུ་ཁ་སྣོན་མཛད། མཐར་ཡིག་འབྲུ་ཁྲི་བརྒྱ་ཙམ་ཡོད་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་།》དེ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ནས། བོད་ཀྱི་རིག་གནས་དང་ལོ་རྒྱུས། སྐད་ཡིག་སོགས་ཀྱི་ཞིབ་འཇུག་ལ་ཕན་འབྲས་ཆེན་པོ་བཞག་ཡོད་དེ། སློབ་དཔོན་དམུ་དགེ་བསམ་གཏན་གྱིས་རིག་པའི་གནས་ལ་ལྷག་བསམ་དང་བརྩོན་པ་ཆེ་ཞིང་རྣམ་དཔྱོད་བཀྲ་བ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་ལེགས་སྒྲིག་བྱས་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་།》འདི་ཉིད་རྒྱས་ཤིང་འགྲེལ་བ་དཔེ་བརྗོད་བྱས་ཡོད་སྟབས། སྔར་གྱི་བརྡ་དཀྲོལ་རྒྱས་བསྡུས་གང་ལས་ཀྱང་ཁྱད་ཐོན་པས། རིག་པའི་གནས་ལ་སྦྱང་བ་དང་། ཁྱད་པར་དུ་གཞུང་ལུགས་རབ་འབྱམས་ལྟ་ཀློག་བྱེད་པའི་མིག་ཏུ་གྱུར་འདུག་གོ་ཞེས་སོགས་མཁས་དབང་མང་པོས་གདེང་འཇོག་ཆེན་པོ་གནང་ཡོད།
ཁོང་ཉིད་ཀྱི་བརྩམས་ཆོས་སྐོར་ཅིག་དང་གཟེངས་རྟགས།
དགུང་ལོ་བགྲེས་ཀྱང་ལྗིད་འགན་འཁུར།།
བཀའ་བསྟན་དཔེ་བསྡུར་ལས་ལ་འབད།།
བཀའ་བསྟན་འགྱུར་བོད་དུ་དར་བའི་རྗེས་སུ་འཚོལ་སྡུད་དང་ཞུས་དག་མཛད་དེ་གསེར་བྲིས་དང། དངུལ་བྲིས། མཚལ་བྲིས། སྣག་བྲིས་སོགས་བྲིས་མ་ཤིན་ཏུ་མང་པོ་བཞེངས་ཤིང་། དེ་དག་ཡོངས་ཀྱི་དཀར་ཆག་ཚད་ལྡན་སྣ་ཚོགས་བརྩམས། སྔ་རྗེས་སུ་གཡུང་ལོ་དང་སྣར་ཐང་སོགས་སུ་ཤིང་བརྐོས་བཀའ་འགྱུར་པར་གཞི་རྣམ་གྲངས་བཅུ་གཉིས་དང་། པེ་ཅིང་དང་སྣར་ཐང་། སྡེ་དགེ ཅོ་ནེ་སོགས་ནས་བསྟན་འགྱུར་ཤིང་བརྐོས་པར་གཞི་ཁག་བཞི་བྱུང་། བཀའ་བསྟན་འགྱུར་གྱི་པར་གཞི་ཁག་རྣམས་ཆབས་ཅིག་ཏུ་མཚོན་པར་ཡོང་ཕྱིར། མཆོག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེ་ལགས་ཀྱིས་གྲོས་གཞི་བཏོན་པ་ལྟར། རྒྱལ་ཁབ་ཀྱིས་ཐུགས་ཁུར་ཚད་མེད་གནང་སྟེ་འགྲོ་གྲོན་འབོར་ཆེན་བཏང་ནས། བཀའ་བསྟན་འགྱུར་དཔེ་སྡུར་གྱི་ལས་གཞི་མགོ་བརྩམས། 1995ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་སྡུར་ཁང་གིས་ཁོང་ཉིད་རྒྱུན་སྡོད་ཞུས་ཆེན་དུ་གདན་དྲངས་པ་ལྟར། བོད་རིག་གནས་ལ་མུ་མཐུད་དུ་བྱས་རྗེས་འཇོག་ཆེད་དཀའ་བ་བརྒྱ་ཕྲག་ཁྱད་དུ་གསད་དེ་རྒྱལ་བའི་བཀའ་བསྟན་དཔེ་བསྡུར་གྱི་ལས་གྲལ་དུ་ཞུགས་ཤིང་། ལོ་ངོ་བཅུ་ལྷག་རིང་རྒྱུན་སྡོད་ཞུས་ཆེན་པའི་འགན་བཞེས་ཏེ་རང་གི་ཕྲག་ལ་བབས་པའི་ལས་འགན་ཡོངས་སུ་འགྲུབ་པར་མཛད། 2008ལོར་བཀའ་འགྱུར་དཔེ་བསྡུར་མ་ཆ་ཚང་བ་ཞིག་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་ཐུབ་བྱུང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་སྡུར་ཁང་གིས་ཁོང་ལ་ཁྱད་པར་དུ་མ་གྲོང་དགེ་འདུན་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས། འགྱུར་མེད་བཅས་མཁས་དབང་གསུམ་གྱིས་བསྟན་འགྱུར་དཔེ་བསྡུར་མའི་རྒྱུན་སྡོད་ཞུ་ཆེན་བགྱིས་ཞེས་འདི་ལྟར་གདེང་འཇོག་མཛད་ཡོད།
སློབ་ཁྲིད་གནང་བཞིན་པ།
རྒྱལ་མོ་རོང་གི་ལོ་རྒྱུས་རིག་གནས་སོགས༎
མ་ལུས་ཅིག་ཅར་འཆར་བའི་མེ་ལོང་མཆོག།
སློབ་དཔོན་ཆེན་པོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ནི་རྒྱལ་མོ་རོང་ནས་འཁྲུངས་ཤིང་ནར་སོན། ཁོང་ཉིད་སྐུ་ན་ཕྲ་དུས་ནས་སྙན་ངག་སོགས་རྩོམ་རིག་སྐོར་ལ་དགའ་ཞེན་ཤིན་ཏུ་ཆེ་བས། ལོ་རྒྱུས་དང་ནང་བསྟན་རིག་པ་སོགས་ལ་ཐོས་བསམ་བྱེད་པའི་མོས་པ་ཆེན་པོ་མེད་ལ། རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས། གོམས་སྲོལ་སོགས་ལ་ཞིབ་འཇུག་གི་འདུན་པ་སྐྱེས་མ་མྱོང། ཐེངས་ཤིག་རྒྱལ་རོང་སྐོར་གྱི་བགྲོ་གླེང་སྐབས། ཁོང་གིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཁ་རོག་གེར་བསྡད། མཁས་དབང་དམུ་དགེ་བསམ་གཏན་གྱིས་ཨ། བཙན་ལྷ་ངག་དབང་ཚུལ་ཁྲིམས། ཁྱོད་ནི་རྒྱལ་རོང་བ་རེད། རྒྱལ་རོང་བ་ཞིག་གིས་རྒྱལ་རོང་གི་རིག་གནས་ལོ་རྒྱུས་མ་བཤད་ན་ཇི་འདྲ་ཞིག་ཡིན། གཞན་སུ་ཞིག་གིས་ཁ་མ་གྲགས་ན་ཆོག་མོད། ཁྱོད་ཀྱིས་ཁ་མ་གྲགས་ན་གཏན་ནས་མི་འགྲིག་ཅེས་གསུངས། གསུང་ཚིག་འདི་ཡིས་ཁོང་ལ་བློ་སྐྱེད་ཆེན་པོ་བྱུང་བར་མ་ཟད། སྤྱི་ཚོགས་སུ་རྒྱལ་རོང་བ་བོད་ཡིན་མིན་དང་། རྒྱལ་རོང་བར་སྐད་ཡོད་པ་ལས་ཡི་གེ་མེད་ཅེས་བཤད་ཚུལ་མང་བོ་བྱུང་བས། ཁོང་གིས་རྒྱལ་རོང་གི་ལོ་རྒྱུས་རིག་གནས་ལ་གཏིང་ཟབ་མོར་ཞིབ་འཇུག་བྱས་ཏེ། ཀུན་ལ་ཡང་དག་པའི་ལྟ་བ་འདོན་པའི་འདུན་པ་གཏིང་ནས་སྐྱེས། དེ་ནས་རྒྱལ་རོང་གི་ལོ་རྒྱུས་རིག་གནས་ལ་གཏིང་ཟབ་མོར་ཞིབ་འཇུག་བྱས་ཏེ། སྔ་གཞུག་ཏུ་《རྒྱལ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས།》དང་《རྒྱལ་རོང་ཁ་སྐད་ཚིག་མཛོད།》 《རྒྱལ་རོང་དམངས་ཁྲོད་གཏམ་ཚོགས།》 《ཆུ་ཆེན་རབ་བརྟན་རྒྱལ་པོའི་གདུང་རབས།》 《ཁྲོ་སྐྱབས་རྒྱལ་པོའི་གདུང་རབས།》 《རྒྱལ་རོང་མཁས་ཆེན་ཉེར་བརྒྱད་ཀྱི་རྣམ་ཐར།》 《རྒྱལ་རོང་ཚ་བ་ཁག་བཞིའི་མཁས་དབང་བཅུ་དྲུག་གི་རྟོགས་བརྗོད།》སོགས་པར་དུ་བསྐྲུན་ཤིང་། དཔྱད་རྩོམ་《རྒྱལ་རོང་བོད་མིའི་སྐད་ཀྱི་སྐོར་ལ་རགས་ཙམ་དཔྱད་པ།》 དང་《རྒྱལ་རོང་སྐད་ཀྱི་ནང་གི་བརྡ་རྙིང་།》 《ཨ་མདོའི་སྐད་དང་རྒྱལ་རོང་སྐད་དཔྱད་བསྡུར་དབྱེ་ཞིབ།》སོགས་སྤེལ་ནས་རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས། སྐད་ཡིག་སོགས་ཞིབ་སྡུར་གཏིང་ཟབ་བྱས་ཏེ་དོན་སྙིང་ལྡན་པའི་ཕན་འབྲས་གཡུར་དུ་ཟ་བ་སྨིན་ཡོད་ལ། ད་ལྟ། ཁོང་ཉིད་དགུང་ལོ་གྱ་ལྔ་ལ་སླེབས་མོད། མུ་མཐུད་དུ་རྒྱལ་རོང་གི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་མཛད་བཞིན་པར་མ་ཟད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ལོ་རྒྱུས་རིག་གནས་གནའ་དཔེ་ཞིབ་འཇུག་མཐུན་ཚོགས་དང་མཉམ་འབྲེལ་མཛད་དེ། རྒྱལ་རོང་ལོ་རྒྱུས་དང་རིག་གནས་དཔེ་ཚོགས་ཞེས་པ་སྟེ་《རྒྱལ་རོང་བོད་མིའི་འབྱུང་ཁུངས་སྐོར།》དང་《རྒྱལ་རོང་བོད་མིའི་ལོ་རྒྱུས་སྐོར།》 《རྒྱལ་མོ་རོང་དུ་ཆོས་ལུགས་དར་ཚུལ་སྐོར།》 《རྒྱལ་རོང་ཡུལ་གྱི་གནས་ཆེན་དང་དགོན་ཁག་གི་སྐོར།》 《རྒྱལ་རོང་ལོ་རྒྱུས་མི་སྣ་གྲགས་ཅན།》(སྟོད་སྨད་བར་གསུམ།) 《རྒྱལ་རོང་རྩིས་ཡིག་སྐོར།》 《རྒྱལ་རོང་ཡུལ་གྱི་སྐད་ཡིག་དང་དམངས་སྲོལ་རིག་གནས་སྐོར།》 《རྒྱལ་རོང་ཡུལ་གྱི་རྒྱལ་ཁག་བཅོ་བརྒྱད་དང་ཡིག་ཚགས་སྐོར།》བཅས་དེབ་བཅུ་རྩོམ་འབྲི་མཛད་དེ་ཞུ་དག་བྱེད་བཞིན་པའི་སྒང་ཡིན་ལ། མི་རིང་བར་ཀུན་གྱི་སྤྱན་སྔར་འབུལ་རྒྱུ་རེད། དེ་ནི་རྒྱལ་རོང་གི་ལོ་རྒྱུས་རིག་གནས་ཕྱོགས་ཡོངས་དང་གཏིང་ཟབ་མོར་གསལ་ལྷང་ངེར་ཤར་བའི་མེ་ལོང་ལྟ་བུ་ཞིག་ཡིན།
རྒྱལ་རོང་རིག་གཞུང་བགྲོ་གླེང་ཚོགས་འདུར་ཞུགས་པ།
ཁོང་གིས་གཤིན་རྗེ་ཆོས་རྒྱལ་གྱིས་ང་ལ་དུས་ཚོད་ཅི་ཙམ་སྟེར་ན་དེ་ཙམ་དུ་བོད་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འབད་རྒྱུ་ཡིན་ཞེས་གསུངས་པ་ལྟར། གོང་དུ་བརྗོད་པའི《བརྡ་དཀྲོལ་གསེར་གྱི་མེ་ལོང་།》གཞི་བྱས་ནས་དེ་ལ་ཁ་གསབ་ཀྱི་ཚུལ་དུ་བརྡ་རྙིང་དག་ཕྱོགས་སྒྲིག་དང་འགྲེལ་བཤད་གནང་སྟེ། 《ཞང་བོད་བརྡ་དཀྲོལ་ཆེན་མོ།》ཞེས་པའི་ཚིག་མཛོད་ཅིག་པར་སྐྲུན་བྱེད་རྩིས་ཡོད་དེ། ཁོང་དགུང་ལོ་བགྲེས་ཤིང་རྐང་པའང་ན་བས་ཁྱིམ་གྱི་འགྲོ་འོང་ཡང་འཁར་བར་བརྟེན་དགོས་མོད། ཚིག་མཛོད་འབྲི་རྩོམ་གྱི་ལས་འདི་མ་བསྐྱུར་བར་ཡང་ཡང་འབད་བཞིན་འདུག ཆོས་རྒྱལ་གྱིས་ང་ལ་གནང་བ་ཇི་ཙམ་སྟེར་ན་ཚིག་མཛོད་ཀྱང་དེ་ལྟར་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་སྲིད་ཅེས་གསུངས་པ་ལྟར། ལས་རིགས་ཤིག་ལ་འཆང་བའི་ཁོང་གི་དགའ་ཞེན་དང་བརྩོན་སེམས་ནི་ཇི་འདྲའི་བླ་ན་མེད་པ་ཞིག་རེད་ཨང་།།