《ཨ་ཁུ་སྟོན་པ།》ཞེས་པའི་འགུལ་རིས་གློག་བརྙན་པར་ལེན་ལེགས་འགྲུབ་བྱུང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-22
ཟླ་11ཚེས་16ཉིན། གསར་འགོད་པས་བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། འཛམ་གླིང་ཐོག་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་རྒྱབ་ལྗོངས་བྱས་པའི་གཏན་ཁེལ་རྣམ་གཞག་གི་འགུལ་རིས་གློག་བརྙན་ཆེ་གྲས་ཨང་དང་པོ་《ཨ་ཁུ་སྟོན་པ།》ཞེས་པ་པར་ལེན་ལེགས་འགྲུབ་བྱུང་ཞིང་། མིག་སྔར་དུས་མཇུག་གི་སྒྲིག་བཟོ་བྱེད་བཞིན་ཡོད་པ་དང་། ད་ལོའི་ཟླ་བ་12པའི་ཟླ་མཇུག་ཏུ་ཁྱོན་ཡོངས་སྒྲིག་བཟོ་ལེགས་འགྲུབ་བྱ་རྒྱུ་རེད།
བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་གཉེར་ལིའུ་ཅེ་ཡིས་གསར་འགོད་པར་《ཨ་ཁུ་སྟོན་པ།》ཞེས་པའི་འགུལ་རིས་གློག་བརྙན་དེ་ནི་འཛམ་གླིང་ཐོག་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་རྒྱབ་ལྗོངས་བྱས་ནས་ཇུས་འགོད་སྒྲིག་བཟོ་བྱེད་པའི་མི་རིགས་ཀྱི་རང་བཞིན་ལྡན་པའི་ཐོག་མའི་བརྩམས་ཆོས་ཕུལ་བྱུང་གཏན་ཁེལ་རྣམ་གཞག་གི་མུ་འབྲེལ་འགུལ་རིས་གློག་བརྙན་ཆེ་གྲས་ཨང་དང་པོ་ཡིན་ཞིང་། 2015ལོའི་ཟླ་བ་3པ་ནས་ལས་གཞི་ལག་བསྟར་བྱེད་པའི་དུས་རིམ་འགོ་འཛུགས་པ་དང་། ཁྱོན་བསྡོམས་ལེ་ཚན་52ཡོད་པ་དང་དུས་ཡུན་སྐར་མ་520འགོར་རྒྱུ་རེད་ཅེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ཁྱབ་སྤེལ་གཏོང་བ་དང་། གཏན་ཁེལ་རྣམ་གཞག་གི་འགུལ་རིས་ལག་རྩལ་ཕུལ་བྱུང་སྲུང་སྐྱོང་གསར་སྤེལ་བྱེད་པ། བོད་ལྗོངས་ཀྱི་འགུལ་རིས་རིག་གནས་སྤུས་རྟགས་གསར་དུ་འཛུགས་པ། འགུལ་རིས་ཚོང་རར་སྐལ་གྲངས་འཛིན་པ་སོགས་གཞིར་བཟུང་སྟེ་བསམ་གཞིགས་བྱས་ནས་བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་2014ལོར་ཤུགས་ཡོད་རྒུས་གཏན་ཁེལ་རྣམ་གཞག་གི་འགུལ་རིས་ཐོན་རྫས་གསར་གཏོད་བྱས་པ་མ་ཟད། འཐབ་ཇུས་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་དམངས་ཁྲོད་ཀྱི་ངོ་མཚར་ཆེ་བའི་སྒྲུང་གཏམ་ 《ཨ་ཁུ་སྟོན་པ།》ཞེས་པ་རྒྱབ་ལྗོངས་བྱས་ནས་འགུལ་རིས་IPསྤུས་རྟགས་གསར་གཏོད་བྱ་རྒྱུ་གཏན་འཁེལ་བྱས་པ་རེད། པར་ལེན་སྒྲིག་བཟོ་བྱེད་འགོ་ཚུགས་རྗེས་《ཨ་ཁུ་སྟོན་པ།》ཞེས་པའི་ལས་གཞི་ཚོགས་ཆུང་གིས་བོད་རིགས་ཀྱི་ཁྱད་ཆོས་སྲུང་སྐྱོང་ནན་ཏན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག གཏམ་རྒྱུད་ལ་སྒྱུ་རྩལ་ཐོག་ནས་རྒྱན་སྤྲས་ལེགས་བཅོས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་བ་དང་། དམངས་སྲོལ་རིན་ཐང་འབུར་དུ་ཐོན་པའི་བོད་ཀྱི་བརྗོད་གཞི་ཁེར་གཙང་ལྡན་པའི་འགུལ་རིས་གློག་བརྙན་ཞིག་འདོན་སྤྲོད་བྱས་པ་རེད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1