༄༅།། འགུལ་སྐྱོད་དང་རྩལ་སྦྱོང་གི་རྒྱུན་ཤེས་ཡོད་པ་ནི་འཕྲོད་བསྟེན་ཆེས་བཟང་ཤོས་ཤིག་ཡིན།

རྨེ་གྲྭ ཚེ་རིང་བསམ་འགྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-22



1.ཆེས་ལེགས་པའི་འཕྲོད་བསྟེན།    
        མི་སུ་ཞིག་ལ་མཚོན་ནའང་འགུལ་སྐྱོད་བྱེད་པ་ནི་ཐུན་མིན་གྱི་འཚོ་བཅུད་ཆེས་ལེགས་ཤོས་དང་།   ནད་རིགས་སྔོན་འགོག     རྒས་པ་དང་འཆི་བ་ལའང་ཚད་ངེས་ཅན་གྱི་ཕྱིར་ནུར་ཐུབ་པ་ཡིན།       ཞིབ་འཇུག་པས་བཤད་པ་ལྟར་ན་མི་ཞིག་གི་ཚེ་ཚད་ནི་ལོ་ ༡༣༠-༡༥༠  བར་གནས་ཐུབ་པ་ཞིག་ཡིན། རེད་དེ་འཕྲོད་བསྟེན་མ་ལེགས་པ་ཁ་ཟས་བསྟེན་ཉེས་པ་སོགས་ལས་དུས་མིན་དུ་འཆི་བཞིན་ཡོད་པར་ནན་གྱིས་བསྟན་ཡོད།    དེ་བས་འཕྲོད་བསྟེན་རྒྱུན་འཁྱོངས་ནི་མི་ཞིག་གི་ཚེ་སྲོག་གི་ཀ་བ་ལྟ་བུར་གྲུབ་ཡོད།  
2.སུ་ཞིག་འགུལ་སྐྱོད་དང་ལུས་རྩལ་ལ་ཞུགས་དགོས།  
        ན་ཚོད་དར་མར་མ་སོན་པའི་བྱིས་པ་དང་བགྲེས་པོ་དག་གིས་འགུལ་སྐྱོད་བྱེད་དགོས།    བྱིས་པ་དང་བགྲེས་པོ་དག་གི་ལུས་ཁམས་ནི་དབང་པོ་དར་མ་ལ་མཚོན་ན་རྒྱུན་ལྡན་དུ་ཆེར་མི་གནས་པས་ལུས་རྩལ་སོགས་འགུལ་སྐྱོད་དྲག་པོའི་རིགས་དེ་ཙམ་འཚམ་པོ་མེད།    དེ་བས་དུས་ངེས་ཅན་ནང་གོམ་བགྲོད་དང་ཡང་ན་དྲག་འགུལ་མ་ཡིན་པའི་རྩལ་སྦྱོང་ངེས་ཅན་བྱ་དགོས།  ན་ཚོད་དར་མ་དག་གིས་རྒྱུན་པར་ལུས་རྩལ་སྦྱོང་བ་སྟེ་ཅུང་འགུལ་སྐྱོད་དྲག་པོའི་རིགས་བྱས་ན་ལུས་དང་ཧ་ཅང་འཚམ་པོ་ཡོད།    
3.དུས་ཚིགས་གང་འདྲའི་ནང་འགུལ་སྐྱོད་འཚམ་པོ་ཡིན།  
        ལུས་རྩལ་སྦྱོང་བའི་དུས་ཀྱི་ཡུན་ཚད་ནི་སྐར་མ་༣༠ནས་དུས་ཚོད་གཅིག་གི་བར་ཡིན་ཞིང་།    གཟའ་འཁོར་རེ་རེའི་ནང་ཐེངས་གསུམ་ནས་ལྔའི་བར་རྩལ་སྦྱོང་བྱེད་པ།   དུས་ཡུན་ཐུང་ན་ཕན་ནུས་ཆེར་མེད་པ་དང་ལྷག་ཏུ་རྒྱུན་འཁྱོངས་མ་ཐུབ་ན་དེ་བས་ཀྱང་ཕན་ནུས་ཉུང་ཙམ་ཡིན།  ཆེས་འཚམ་པའི་དུས་ཚིགས་ནི་དགོང་མོ་དང་ཕྱི་དྲོའི་དུས་ཚོད་ལྔའི་གོང་འོག་ཙམ་ཡིན།   སྐབས་དེར་རིང་བཞིན་གྱིས་མིའི་ལུས་སྟོབས་རྒྱས་ཤིང་ཁྲག་གི་རྒྱུ་བ་དྭངས་བ་ཡན་ལག་ལ་མཉེན་བབས་པ་སོགས་རྩལ་སྦྱོང་གི་དུས་སྐབས་ཆེས་བཟང་བའི་དུས་ཡིན། དེ་མིན་ཞོགས་པའི་ཆ་ལ་གོམ་བགྲོད་ཉུང་ཙམ་ལས་རྩལ་སྦྱོང་བ་ནི་མིའི་ལུས་ཁམས་དང་དེ་ཙམ་མི་འཚམ་པར་བཤད་ཡོད།  
 4.འགུལ་སྐྱོད་སྐབས་དོ་སྣང་བྱ་ཡུལ་གང་དག་འདུག  
(1) ལུས་རྩལ་སྦྱོང་སའི་ཁོར་ཡུག་གཙང་བ་དང་མཁའ་དབུགས་དྭངས་མོ་ཡོད་དགོས།
(2) རྩལ་སྦྱོང་བྱེད་པའི་སྔ་གཞུག་དུ་ཆུ་ཁོལ་རན་པོ་འཐུང་དགོས་པ།  
(3) རྩལ་སྦྱོང་བྱེད་པའི་སྔ་རོལ་དུ་ལུས་ལ་དྲོད་ལྡན་དགོས་ལ་གཞུག་ནས་ངལ་གསོ་གཏོང་དགོས།
(4)རྩལ་སྦྱོང་རྗེས་དེ་མ་ཐག་ལུས་ཁྲུས་མི་བྱེད་པ་དང་གྲངས་རླུངས་ཆེ་བའི་གནས་ནས་ཀྱང་ལུས་སྦྱོང་མི་རུང་།  
(5)རྩལ་སྦྱོང་གི་སྐབས་ཁོག་སྟོང་ཡིན་མི་རུང་བ་དང་ཟས་ཟོས་ནས་དུས་ཚོད་ཕྱེད་ཙམ་འགོར་ན་ལེགས།  
5.ཉིན་གཅིག་ལ་གོམ་བགྲོད་ག་ཚོད་བྱས་ལ་འཕྲོད་བསྟེན་ལ་ཕན།
        གལ་ཏེ་མི་ཞིག་གི་འགུལ་སྐྱོད་དེ་གོམ་བགྲོད་ཁོ་ན་ཡིན་པའི་དབང་དུ་ན།    ཉིན་གཅིག་ལ་མ་མཐའི་གོམ་བགྲོད་སྟོང་ལྔ་ལས་ཉུང་མི་རུང་བ་དང་སྟོང་བརྒྱད་ནས་ཁྲིའི་བར་དགྲོད་ཐུབ་པར་བྱུང་ན་ལེགས་ཙམ་ཡིན།  མ་མཐའི་ཚད་ལས་ཉུང་བ་ཡིན་ན་འགུལ་སྐྱོད་ཀྱི་འཕྲོད་བསྟེན་དམན་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པས་ངེས་པར་དུ་རྩ་འཛུགས་རིང་བཞིན་གྱི་འགུལ་སྐྱོད་ལ་ཞུགས་དགོས།  
6.འགུལ་སྐྱོད་ཀྱི་ཕན་ནུས།
        ལུས་སྟོབས་རྒྱས་པ་དང་གཟུགས་རིང་བ།   ནད་རིགས་སྔོན་འགོག་ཐུབ་པ།    ཚེ་ཐག་རིང་དུ་འགྲོ་བ།   འཕྲོད་བསྟེན་ལེགས་པ།  རྒྱུད་དུ་སེམས་ཁམས་དྭངས་བ།  ཤ་མེད་དང་ཤ་རྒྱག་ཅན་དུ་འགྲོ་བ།  ལུས་ཕྱི་ནང་གི་སྙིག་རོ་དོར་ནས་ནད་རིགས་མེད་པར་འགྲོ་བ།  རིག་པ་གསལ་བ།   མཚན་མོ་གཉིད་བདེ་བ་སོགས་དགེ་མཚན་མང་པོ་ལྡན་ཡོད།  
7. སུ་ཞིག་གི་འགུལ་སྐྱོད་མི་རུང་།
        མི་སུ་དང་སུ་ཡིན་རུང་འགུལ་སྐྱོད་དང་ལུས་སྦྱོང་ནི་ཧ་ཅང་ལུས་དང་འཚམ་པོ་ཡོད་པས་མེད་དུ་མི་རུང་བ་ཞིག་ཡིན།    རེད་དེ་མི་སོ་སོའི་ལུས་ཀྱི་གནས་སྟངས་ལུས་ཁམས་ཀྱི་གནས་ཚུལ་མི་འདྲ་བས།    ལོ་དྲུག་ཅུ་བརྒལ་བའི་ན་ཚོད་རྒས་པ་དག་གིས་འགུལ་སྐྱོད་ལས་དྲག་སྦྱོང་དང་ཧ་ཅང་ལུས་ཚེགས་ཆེ་བའི་རིགས་ཀྱང་མི་རུང་།  ལོ་ན་བཅུར་མ་སོན་པའི་བྱིས་པ་ཡང་དེ་བཞིན་ཡིན།    དེ་མིན་ལུས་ནད་དམིགས་བསལ་བ་ཡོད་པའི་རིགས་སྨན་པས་ངག་བཞིན་ཉན་དགོས།    དཔེར་ན་ཁྲག་ཤེད་མཐོ་བ་དག་གིས་དྲག་སྦྱོང་གི་རིགས་བྱེད་མི་རུང་བ་བུ་ཡིན།    དེ་མིན་མང་ཆེ་བ་ནི་འགུལ་སྐྱོད་བྱས་པ་ལས་ལུས་སེམས་བདེ་ཐང་དུ་གནས་བཞིན་ཡོད། །

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1