གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (ངེད་གསར་འགོད་པ་རྣམ་དཀར་ལྷ་མོ།) སྤྱི་ཟླ་11པའི་ཚེས་21ཉིན་གྱི་སྔ་དྲོར། སྐབས་ལྔ་པའི་ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་མི་རིགས་དཔེ་སྐྲུན་ལས་ཀའི་ཨུ་ལྷན་གྲོས་ཚོགས་དང་2016ལོའི་ལོ་ཚོགས་ཁྲེན་ཏུའུ་རུ་འཚོགས་འགོ་ཚུགས། རྒྱལ་ཁབ་དམངས་དོན་ཨུ་ཡོན་ལྷན་ཁང་གི་རིག་རྩལ་དྲིལ་བསྒྲགས་སུའུ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་རྒྱལ་ཡོངས་རིགས་སོ་སོའི་དཔེ་སྐྲུན་ལས་བྱེད་མི་སྣ་དང་འབྲེལ་ཡོད་འགན་ཁུར་པ་50ལྷག་ཐེངས་འདིིའི་ཚོགས་འདུར་ཞུགས་ཏེ། གནས་བབ་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ནས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་དཔེ་སྐྲུན་ལས་ཀའི་ཨུ་ཡོན་ལྷན་ཚོགས་ཀྱི་ནུས་པ་ཤུགས་ཆེར་འདོན་ཆེད། 《ཀྲུང་གོའི་མི་རིགས་དཔེ་སྐྲུན་ལོ་གཅིག་གི་འཕེལ་རྒྱས་སྙན་ཞུ།》ལ་སྙན་ཞུ་དང་། 《ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་མི་རིགས་དཔེ་སྐྲུན་ལས་ཀའི་ཨུ་ཡོན་ལྷན་ཚོགས་ཀྱི་སྒྲིག་ཁྲིམས།》དག་བཅོས་གསལ་བཤད་གནང་།《ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་མི་རིགས་དཔེ་སྐྲུན་ལས་ཀའི་ཨུ་ཡོན་ལྷན་ཚོགས་ཀྱི་སྒྲིག་ཁྲིམས།》ཀྱི་དག་བཅོས་བསམ་འཆར་དང་། 《ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་མི་རིགས་དཔེ་སྐྲུན་ལས་ཀའི་ཨུ་ཡོན་ལྷན་ཚོགས་ལས་ཀའི་སྒྲིག་སྲོལ།》《འབྲེལ་གཏུག་ཚན་ཆུང་གི་ལས་འགན་གཙོ་བོ།》བཅས་ཀྱི་ཐད་དུ་གྲོས་ཆོད་གནང་ཞིང་2016ལོའི་ཀྲུང་གོའི་མི་རིགས་དཔེ་སྐྲུན་ལོ་གཅིག་གི་འཕེལ་རྒྱས་ལ་ཕྱོགས་བསྡོམས་སྙན་ཞུ་བྱས།
གྲོས་ཚོགས་ཐོག ལོ་ངོ་དགུའི་རིང་སྐབས་ལྔ་པའི་ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་མི་རིགས་དཔེ་སྐྲུན་ལས་ཀའི་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཀ་སོ་སོར་གྲུབ་འབྲས་མངོན་གསལ་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཚོགས་ཞུགས་མི་སྣ་དང་འབྲེལ་ཡོད་རྒྱལ་ཁབ་དབུ་ཁྲིད་དང་སྡེ་ཁག་གིས་གཟེངས་བསྟོད་ཐོབ་ཡོད་དེ། སྐབས་རྗེས་མའི་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཡོངས་མི་རིགས་དཔེ་སྐྲུན་ལས་ཁུངས་ཀྱི་ལས་རིགས་རྩ་འཛུགས་ལ་སྲུང་སྐྱོང་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ་རང་རྒྱལ་གྱི་མི་རིགས་བྱ་གཞག་ལ་བྱས་རྗེས་གསར་པ་བསྐྲུན་དགོས་པའི་བླང་བྱ་བཏོན།
ཕྱི་དྲོར། འབྲེལ་ཡོད་ཚོགས་ཞུགས་པ་རྣམས་ཀྱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་གཟིགས་ཞིབ་ལྟ་སྐོར་དུ་ཕེབས་ཏེ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འཁོར་སྐྱོད་གནས་ཚུལ་དང་དམངས་རྩོམ་དཔེ་སྐྲུན་གྱི་གནས་ཚུལ། མིག་སྔའི་འཕེལ་རྒྱས་སོགས་ལ་རྟོག་ཞིབ་གནང་སྟེ་ད་ལོའི་མི་རིགས་དཔེ་སྐྲུན་ལས་ཀར་གདེང་འཇོག་ཆེན་པོ་གནང་།
སི་ཁྲོན་ཏང་དེབ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཙེ་ཀང་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་སྤྱི་གཉེར་པ་ཝང་ཝའེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།
རྒྱུས་ལོན་བྱས་པ་ལྟར་ན། སང་ཉིན་ནས་བཟུང་ཏུའུ་ཅང་ཡན་དང་ཀོང་ཧན་སོགས་སུ་ཡུལ་དངོས་རྟོག་ཞིབ་ཏུ་ཕེབས་རྒྱུ་རེད། །