རྔ་བ་ཁུལ་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་དང་ཆུ་བེད་ལས་ཀའི་ཡུལ་དངོས་ཚོགས་འདུའི་ཟུར་བྲིས།
ཟླ་བཅུ་བར། རྔ་བ་ཁུལ་གྱི་ལྷོ་རྒྱུད་དུ་འབོད་པའི་ཆུ་ཆེན་རྫོང་དུ་སྟོན་རླུང་འཇམ་ལ། རི་ལུང་ཀུན་ཏུ་ཚོན་མདོག་སྣ་ལྔའི་ནགས་ཚལ་གྱིས་ཁེབས་པ་དང་། ཡུལ་གྲུ་ཀུན་ཏུ་གཡུར་དུ་ཟ་བའི་འབྲས་བཟང་སྨིན་ཡོད།
རང་ཁུལ་གྱི་ཞིང་ལས་ཐོན་ལས་ཀྱི་གསོན་ཤུགས་ཇེ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས། ཐོན་ལས་ཀྱི་དབུལ་སྐྱོར་རང་བརྟེན་གྱི་ནུས་ཤུགས་ཇེ་ཆེ། དབུལ་སྐྱོར་འགག་སྒྲོལ་གྱི་འགག་སྒོ་གཏོར་བ། ཞིང་ཕྱུགས་ཆུ་བེད་བྱ་གཞག་འཕེལ་རྒྱས་སྐུལ་སྤེལ་སོགས་གཏང་ཆེད། ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར། རང་ཁུལ་གྱི་ཐོན་ལས་དབུལ་སྐྱོར་དང་ཆུ་བེད་བྱ་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་ཆུ་ཆེན་རྫོང་དུ་འཚོགས། ཚོགས་འདུར་ཞུགས་པའི་འཐུས་མི་ཚོས་སྟོན་རླུང་འཇམ་མོ་བསུས་ནས། ཡུལ་ལྗོངས་རེ་རེ་བཞིན་རྒྱུ་ནས། རྔ་བའི་ལྷོ་རྒྱུད་དུ་ཕྱིན་ཏེ། ཡུལ་དངོས་སུ་དུས་སྐབས་གསར་པའི་ཐོན་ལས་ཀྱི་དབུལ་སྐྱོར་དང་ཆུ་བེད་འཛུགས་སྐྲུན་གྱི་གསོན་ཤུགས་གསར་བ་ལ་མྱོང་རོལ་བྱས།
ཡུལ་དངོས་ཚོགས་འདུའི་སྐབས་སུ། སྐུལ་འདེད་ཚོགས་འདུའི་ཚོགས་ཞུགས་མི་སྣས་ཆུ་ཆེན་རྫོང་གི་ཁ་ར་གྱོ་ཡུལ་ཤོག་དམའ་མདོ་སྡེ་བའི་ཏའོ་ཏིས་ཀྲུང་སྨན་མིས་བཟོས་འདེབས་གསོ་དང་རི་སྐྱེས་གསོ་སྐྱོང་དཔེ་སྟོན་རྟེན་གཞི་ཁུལ། ས་མཐོའི་ཁྱད་ལྡན་ཤིང་ཏོག་དཔེ་སྟོན་གླིང་། ཞིང་ལས་ཡུལ་སྐོར་ཟུང་འབྲེལ་གྱི་ཁྱད་ལྡན་མེ་ཏོག་དཔེ་སྟོན་ཁུལ། གོར་ཡུལ་ཤོག་གི་ཧྥུ་ཞིན་སྡེ་བའི་ཆང་བ་ལི་དཔེ་སྟོན་རྟེན་གཞི་ཁུལ། ཧོ་ཞི་ཡུལ་ཤོག་ལེ་ཏང་སྡེ་བའི་ཆང་བསྙལ་རྒུན་འབྲུམ་གནས་གཞི་སོགས་ལ་རྟོག་ཞིབ་བྱས། སྔོ་ལྗང་གི་པེ་ཧོ་ཁོ་རྩི་ཤིང་གི་སྐྱེས་གཟུགས་ལེགས་ལ། རི་ལྡེབས་ཀྱི་བ་ལིས་སྡོང་བོར་ཞིམ་ངད་ལྡང་། རྒུན་འབྲུམ་གྱི་འཁྱུག་ལོ་རིང་བོ་རིང་དུ་བརྐྱངས་ལ། ཆུ་ཆེན་རྫོང་གི་སྐྱེ་ཁམས་བར་ཁྱམས་དང་ལྗང་མདོག་གི་ཁྱིམ་གཞིས་རེ་རེ། མུའུ་ཁྲི་ལྷག་གི་ཤིང་ཏོག་ལྡུམ་ར་སོགས་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས།
ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྐྱེ་ཁམས་རྟེན་གཞི་འཛུགས་སྐྲུན་དམིགས་འབེན་བྱས་ནས། རྟེན་གཞི་འཛུགས་སྐྲུན། ཚོང་རྟགས་གསར་གཏོད། གཞི་ཁྱོན་ཇེ་ཆེ། སྤུས་ཚད་ཇེ་མཐོ། ཚོང་རར་ཇེ་བྲིན། ཡོང་འབབ་སྐུལ་སྣོན་གྱི་ཡིག་འབྲུ་བཅོ་བརྒྱད་མའི་ཐོན་ལས་འཕེལ་ཕྱོགས་དང་། ཆང་བ་ལི་དང་ཆང་བསྙལ་རྒུན་འབྲུམ། ཚལ་བསྙལ་མ། བྱུགས་རྫས། སྨན་རྫས། ཕྱུགས་ལས། ནགས་ལས་སོགས་ཁྱད་ལྡན་ཐོན་ལས་བདུན་པོ་དམ་པོར་བཟུང་ནས། ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་ནས་སྤྱི་པའི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་དང་། མང་ཚོགས་ཀྱི་ཕྱུག་འགྱུར་འབབ་འཕར་བྱེད་ཕྱོགས་ལ་ཤུགས་བསྣན་ཏེ་ཐོན་ལས་སྣ་གཅིག་གཞི་རྒྱ་ཆེན་པོར་བཏང་ནས། སྡེ་བ་གཅིག་གི་དཔལ་འབྱོར་སྐུལ་ཁྲིད་དང་། ས་ཕྱོགས་གཅིག་གི་མང་ཚོགས་ཕྱུག་འགྱུར་བྱེད་པ་དོན་དམ་པའི་མངོན་འགྱུར་བྱུང་། དེའི་ཐད་གཞི་གྲངས་ནི་ཆེས་ནུས་ལྡན་གྱི་སྒྲུབ་བྱེད་རེད།
མིག་སྔའི་བར་དུ། ཆུ་ཆེན་རྫོང་གིས་ཁྱད་ལྡན་ཞིང་ལས་ཐོན་ལས་རྟེན་གཞི་5དང་། སྤྱིའི་གཞི་ཁྱོན་མུའུ་ཁྲི་9ལྷག 2015ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་13500ལྷག་མངོན་འགྱུར་བྱུང་། རྫོང་ཡོངས་ཀྱི་དུད་ཚང་1380ལ་ཡིག་ཚགས་དང་བྱང་བུ་བཟོ་བ་སྐུལ་སྤེལ་བྱས་པ་དང་མི་5111(དེའི་ཁྲོད། གཞོགས་འདེགས་ཐོན་ལས་དང་ལས་ཞུགས་འཕེལ་ཚད་ནི་དུད་ཚང1235མི2440ཡོད)དབུལ་སྒྲོལ་ཕྱུག་འགྱུར་ལ་བཏང་།
ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་གྲོང་གསེབ་ཀྱི་ཐོན་ལས་དབུལ་སྐྱོར་དང་ཆུ་བེད་འཛུགས་སྐྲུན་དམ་འཛིན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་། མི་སེར་གྱི་བདེ་སྐྱིད་ཚོར་གྲངས་ཡང་དང་ཡང་དུ་འཕར།
ཆུ་མོད་ན་དམངས་དར། ཞེས་པ་ནང་བཞིན་ཆུ་བེད་ལས་གྲྭ་ནི་ཞིང་ལས་འཕེལ་རྒྱས་ཀྱི་སྲོག་རྩ་དང་དམངས་འཚོ་དང་འབྲེལ་བ་དམ་པོ་ཡོད། ཆུ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་ལུའུ་ཡིང་པའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྫོང་འདིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུའི་རྒྱབ་སྐྱོར་ཤུགས་ཆེན་འོག མང་ཚོགས་ཀྱི་དམངས་འཚོའི་དཀའ་ཁག་བདུན་གྱི་གནད་དོན་ལ་དམིགས་ཏེ། གཤིན་སའི་ཆུ་བེད་འཛུགས་སྐྲུན་དེ་དམངས་འཚོ་ལེགས་སྒྱུར་གྱི་ལས་གྲྭ་ཨང་དང་པོར་བཟུང་ནས། རྫོང་ཡོངས་ལ་སྐུལ་སློང་བྱས་ནས་ཆུ་བེད་ལ་མཉམ་འཐབ་དང་། 2014ལོ་ནས་2016ལོའི་བར་ཆུ་བེད་འཛུགས་སྐྲུན་གྱི་མཉམ་འཐབ་ལོ་ལ་བཟུང་ནས། དམ་འཛིན་ལྔ་དང་འགན་ལེན་དྲུག་གི་ལས་ཀའི་བྱེད་ཐབས་རིམ་བཞིན་འཚོལ་ཞིབ་བྱེད་ཐུབ་བྱུང་། ཚན་རིག་དང་མཐུན་པར་བཅུ་བརྒྱ་སྟོང་ཁྲིའི་ཆུ་བེད་འཕེལ་རྒྱས་ཀྱི་རིག་ལམ་གཏན་འབེབས་བྱས། འཛུགས་སྐྲུན་དང་དོ་དམ། གསོ་སྐྱོང་། སྐྱེལ་འདྲེན། བདེ་འཇགས། ལས་རིགས། ཕན་ཡོད་བཅས་ཕྱོགས་བདུན་གཞི་གཅིག་གི་རྣམ་པ་དོན་འཁྱོལ་བྱས་པས། སྲིད་གཞུང་གི་གཅིག་གྱུར་འཆར་འགོད་དང་ཞིང་ལས་ཆུ་བེད་གཙོ་འགན། སྡེ་ཁག་མཐུན་སྦྱོར། མང་ཚོགས་ཞུགས་པ་བཅས་ཀྱི་རྣམ་པ་ལེགས་པོའི་ལས་དོན་གྱི་རྣམ་པ་ཆགས།
ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཚོགས་ཞུགས་མི་སྣ་གོར་ཡུལ་ཤོག་ཧྥུ་ཞིན་སྡེ་བའི་ཆང་བ་ལི་དཔེ་སྟོན་རྟེན་གཞི་ཁུལ་དུ་ཕྱིན། མིག་མདུན་གྱི་ཡོད་ཚད་ཀྱིས་སྟོན་ལྭ་བསྣབས་ཡོད། མཛེས་སྡུག་ལྟ་ན་སྡུག་པའི་ཕ་ཡུལ་མིག་ལམ་དུ་མངོན་སྐབས། ས་གནས་མང་ཚོགས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས། ཁོ་ཚོས་སྲིད་གཞུང་གི་དབུལ་སྐྱོར་ལས་དོན་གྱིས་ང་ཚོ་ཧྥུ་ཞིན་སྡེ་བའི་མང་ཚོགས་ལ་ཕན་པ་དཔེ་མི་སྲིད་པ་ཐོབ་ཏུ་བཅུག་པ་དང་ང་ཚོ་ལ་རེ་བ་ལྡན་པའི་མ་འོངས་པ་མཐོང་དུ་བཅུག་ཟེར།
ཡུལ་དངོས་ཚོགས་འདུའི་ལྟ་སྐོར་དཔེ་སྟོན་ས་གནས་ཚང་མར་རང་རང་སོ་སོའི་ཁྱད་ཆོས་ལྡན། བཀྲག་མདངས་འཚེར་ལ་དགའ་སྤྲོའི་ཁེངས་བྱུང་། ཤིན་ཏུ་ལེགས་འགྲུབ་བྱུང་བ་དང་རྨད་དུ་བྱུང་བ། ཤིན་ཏུ་མི་སེམས་འགུག་པ། མཛེས་པའི་ཞིང་སྡེའི་ཡུལ་ལྗོངས་ཀྱིས་མང་ཚོགས་ལ་དྲོད་ཁོལ་སྦྱིན་པ་མ་ཟད། ཡུལ་དངོས་ཀྱི་ཚོགས་ཞུགས་མི་སྣས་ཡིད་སེམས་བཀུག ཚང་མས་ཆུ་ཆེན་རྫོང་གི་ཞིང་ཕྱུགས་ཆུ་བེད་བྱ་གཞག་ལ་དུས་ཡུན་ཐུང་ངུའི་ནང་དུ་ཐོབ་པའི་གྲུབ་འབྲས་དང་ཁྱད་ལྡན་ཐོན་ལས་ལ་ཁས་ལེན་གནང་བ་དང་བསྟོད་བསྔགས་བྱས།
ལྟ་སྐོར་བྱེད་ཡུལ་གཅིག་ནི་ཡིད་དུ་འོང་བའི་མཛེས་ལྗོངས་གཅིག་རེད། ཚོགས་ཞུགས་འཐུས་ཚབ་པའི་རླངས་འཁོར་ནང་ནས་ངོ་སྤྲོད་ལ་ཉན། རླངས་འཁོར་ནས་བབས་རྗེས་འགྲེལ་བཤད་ལ་གསན་པ་དང་ཡུལ་དངོས་ལ་ལྟ་ཞིབ་བྱས་ཤིང་། འཐུས་མི་ཚོས་སེམས་འདུན་དྲག་པོ་བསླངས། ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། ལག་རྩལ་ཁྲིད་སྟོན་པ་སྡེ་བ་དང་དུད་ཁྱིམ་ལ་དངོས་སུ་འགྲོ་བའི་བྱེད་ཐབས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱས། ཁོ་ཚོར་བསམ་བློ་དེ་ང་དབུལ་ཕོངས་ལས་ཐར་བར་བྱ་དགོས་པ་ནས་ང་རང་དབུལ་ཕོངས་ལས་ཐར་དགོས་ཞེས་པར་བསྒྱུར། དབུལ་ཕོངས་ཁྱིམ་ཚང་གི་འཚོ་བའི་སྒྲིག་བཀོད་ལེགས་སྒྱུར་དང་ཐོན་སྐྱེད་བྱེད་ནུས་རིམ་བཞིན་ཇེ་མཐོར་ཕྱིན། དབུལ་ཕོངས་ཅན་ལ་དབུལ་སྐྱོར་དངོས་སུ་བྱས། ཞེས་མཛོད་དགེ་རྫོང་གི་རྫོང་དཔོན་གཞོན་པ་ཀྲང་ལུའུ་བིན་གྱིས་རིམ་པ་ལྡན་པའི་སྒོ་ནས་དེ་ལྟར་བཤད་བྱུང་།
ད་ལོ་ནི་ལོ་ལྔའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་བའི་ལོ་འགོ་མ་ཡིན་ལ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་སྐོར་གྱི་འབྲེལ་ཡོད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཁུལ་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོན་པར་ཁག་ཐེག་བྱས། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་ཆེད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་དུ་བསྐྱོད་པར་རྨང་གཞི་བརྟན་པོ་བཏིང་།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོ་པིན་གྱིས་ཚོགས་འདུ་མཇུག་རྫོགས་རྗེས་མཇུག་བསྡུ་བའི་གཏམ་བཤད། ཆུ་ཆེན་རྫོང་གི་ཐོན་ལས་འཕེལ་རྒྱས་དང་ཆུ་བེད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་ཉམས་མྱོང་གིས་སྲིད་གཞུང་གི་གཙོ་ཁྲིད་དང་ཁྲོམ་རར་སྣེ་ཁྲིད། ཞུགས་ཡོད་པའི་ཁེ་ལས། ཞིང་པའི་རང་ཚུགས་ཀྱི་ཁྱད་ཆོས་གང་ལེགས་མཚོན་ཡོད་པ་དང་། གཞི་རྟེན་ཐོན་ལས་བསྐྱེད་སྲིང་དང་ཆུ་བེད་འཛུགས་སྐྲུན་གྱིས་དབུལ་སྐྱོར་ལས་དོན་ལ་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་པ་མཐོང་བྱུང་།
ལམ་བར་དུ་ལྟ་སྐོར་བྱེད་པ་དང་དུས་མཉམ་དུ་དགའ་སྤྲོ་དང་མྱོང་ཚོར་གང་མང་ཡང་དབང་མེད་དུ་སྐྱེས་བྱུང་། བཙན་ལྷ་རྫོང་གིས་རྒྱུན་ཆད་མེད་པར་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། མང་ཚོགས་ཀྱི་འཚོ་བར་ལོ་རེ་བཞིན་དུ་ལེགས་སྒྱུར་བྱས། གྲོས་བསྡུར་སློབ་སྦྱོང་གི་སྐབས་སུ། ཕན་ཚུན་ཞིབ་བསྡུར་བྱས་པ་བརྒྱུད། ཚང་མར་བློ་སྒོ་འབྱེད་པ་དང་སྐུལ་ལྕག་ཟབ་མོ་ཐོབ་ལ། ཡིད་ཆེས་གཅིག་སྒྲིལ་དང་སེམས་འདུན་དྲག་པོ་འཕྱུར། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)སོ་སོའི་ཐོན་ལས་དབུལ་སྐྱོར་དང་ཆུ་བེད་ལས་དོན་གྱི་རླབས་ཆེན་རྣམ་པ་གསར་པ་ཞིག་བཏོད་པར་འབད་པ་ལྷོད་མེད་ཀྱི་སེམས་ཤུགས་བསྐྱེད་དོ།།