༄༅།། སང་ཉིན་ཕ་ཡུལ་དང་གྱེས་འགྲོ།
ནག་ལྡོང་འཁྱམས་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-28
བལ་ལྡན་མ་བུའི་འབའ་སྒྲ་བཞུར་བའི་མཐོན་པོའི་སྒང་གི་གྲུ་ཟུར་ནས། །
མེས་པོའི་བརྩེ་བ་སྙིང་ལ་ཉར་བའི་གཡུ་སྦྲ་སྨུག་པོའི་རུམ་ཁ་ནས། །
བུ་ངའི་སྐྱིད་སྡུག་ཨ་མས་གླེང་བཞིན་ཤོག་དཀར་གྲུ་བཞིའི་རང་སྲིད་དུ། །
དམར་ཆུང་སྙིང་གི་རྩ་ལམ་འདེད་པའི་རྟོག་འགྱུའི་ཟེགས་མ་འདི་ཙམ་གཏོར། །
སང་ཉིན་ཉི་མ་རི་ལ་འཚེར་དུས་ཕ་ཡུལ་མིག་གིས་བོར་ནས་འགྲོ། །
འཛིན་མའི་སྒལ་བ་འཕྲད་དུ་གནོན་པའི་ལམ་བུ་རྡོག་རྩེར་འགོམ་ནས་འགྲོ། །
སྦྲ་གུར་ཞིག་གི་ཧྲག་ན་ལུས་པའི་ཞེ་ལ་ཐོག་པའི་མཛའ་མོ་བཞིན། །
ང་ཡི་མཛེས་པའི་རྩྭ་ཐང་འདི་ལ་ཕྱི་མིག་རེ་རེ་བཞག་ནས་འགྲོ །
ཕྱུགས་གསུམ་བཀྲམ་པའི་རི་ལུང་དག་གིས་ཁོ་བོར་ཁམས་བདེ་ཞུ་བ་མིན། །
གྱ་གྱུར་འབབ་པའི་རྫ་ཆབ་སྔོན་མོས་དྲན་པས་ངུ་ཤོམ་མི་འདོན་ཡང་། །
ལྟེ་ཁྲག་འཐོར་ཞིང་དུངས་བ་ཟབ་པའི་ཕ་ཡུལ་ཕྱུག་མོའི་གཟི་དཔལ་འདི། །
སང་ཉིན་རྣ་རྒྱབ་རླུང་ལ་སྤུར་བར་དེ་རིང་ཁོ་བོས་གྱེས་ཚིག་སྒྲོན། །
རྩེ་ཆུ་སྔོན་མོ་ཆབ་རོམ་ལྷུམས་སུ་མངལ་དུ་སྦྲུམ་པའི་ཕྲུ་གུ་ཞིག །
ཁ་བའི་འདབ་མ་གོས་སུ་བཀླུབས་པའི་གཡང་རི་སྤུན་གསུམ་སྐྱོ་བས་འགྲེང་། །
མཚར་སྡུག་མེ་ཏོག་རླུང་གིས་ཟད་པའི་མཐའ་ཡས་རྩྭ་ཐང་ཆེན་མོ་སོགས། །
དཔྱིད་དཔལ་བདག་མོ་ལྷ་ལས་འབབ་ཉིན་སྙིང་གི་མཛེས་པ་འདི་དག་ཡིན། །
དབྱངས་ལྡན་ཁུ་ལོས་གཤོག་འགྱུར་རྒྱག་བཞིན་རི་ལུང་འདི་ལ་མགྲོན་དུ་སླེབས། །
སྤྲིན་གྱིས་རོལ་མོ་ཕྱོགས་སུ་དཀྲོལ་ཏེ་སྦྲང་ཆར་སིལ་མའི་མེ་ཏོག་སིམ། །
རྩྭ་ལྗང་གཞོན་ནུ་མལ་ལས་ལངས་ཏེ་རི་ལུང་ཀུན་ལ་གཡེང་བའི་དུས། །
བརྟན་གཡོའི་མཛེས་དགུ་གཅིག་ཏུ་བཟླུམ་འདྲའི་ཕ་ཡུལ་མིག་གི་བདུད་རྩི་ཡིན། །
ལང་ལིང་སྤྲིན་པ་ཐོད་ལ་བཏེགས་ནས་རི་བོས་སྨྲེང་གཏམ་བརྗོད་ཀྱང་ཆོག། །
དར་དཀར་སྐ་རགས་ག་སར་གཡུགས་ནས་ཆུ་མོས་བརྩེ་བ་མ་གླན་ཡང་རུང་། །
སེར་མ་རླུང་བུ་མདུན་དུ་ལངས་ནས་སྡོད་པའི་རེ་བ་བཏོན་བྱས་ཀྱང་། །
གོམ་ཁ་གཉོམ་པོ་ཕྱི་ལ་བསྲིངས་བའི་འཁྱམས་པོས་ཕ་ཡུལ་བསྐྱུར་ནས་འགྲོ།
ཚིག་འབྲུ་སྐམ་པོའི་རོ་ལ་མ་ཆགས་རྣལ་མའི་དྲན་པ་ཡོངས་དྲིལ་ཏེ། །
མ་བཅོས་ཡིད་ཀྱི་དུངས་བ་གསོན་པོ་འདི་ན་མིག་གི་གཟིགས་མོར་སྤྲོ། །
བྲང་གི་མཛེས་པ་ཕྱི་རུ་མངོན་པའི་སྒེག་མོ་ཞིག་གིས་འགྲམ་ཆང་བཞིན། །
གློ་བའི་ཕྱི་ནང་ཁོ་བོར་བསྟན་པའི་གྲོགས་པོ་དག་གིས་སྤྱད་པར་བྱོས། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1