༄༅།།ཚངས་དབྱངས་སྒྲོལ་མ།
དཀོན་རྡོར་དང་འོད་ཟེར། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-29
ང་ཚོ་ལ་ལྷན་དུ་སྐྱེས་པའི་དག་གཙང་གི་འདུ་ཤེས་ཤིག་ཡོད་པ་དེ་ནི་གཉེན་ཉེའི་བརྩེ་བ། གྲོགས་ཀྱི་བརྩེ་བ། མཛའ་བའི་བརྩེ་བ། ཕ་ཡུལ་གྱི་བརྩེ་བ། མི་རིགས་ཀྱི་བརྩེ་བ་སོགས་ཡིན། འདི་རྣམས་འཚོ་བའི་ཁྲོད་དུ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད། གླུ་ལེན་དུས་བརྩེ་བ་ལྡན་ན་མང་ཚོགས་ཀྱི་ཡིད་སེམས་འགུག་ཐུབ་པ་དང་། ད་གཟོད་ཁོང་རྣམས་དང་ཁྱིམ་ཚང་གཅིག་ལྟ་བུའི་འདུ་ཤེས་ཆགས་ཏེ་ཕན་ཚུན་བར་བློས་ཐུབ་དང་རྒྱབ་སྐྱོར་ཐོབ་ཡོང། བགྲང་ལོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་ཁོ་མོ་དང་བརྩེ་བ་ནམ་ཡང་ཁ་འབྲལ་མ་མྱོང་ལ་བརྩེ་བ་ཡོད་པའི་རྒྱུ་མཚན་གྱིས་བྱ་བ་གང་དང་གང་བསྒྲུབ་ཀྱང་འགན་འཁྲིའི་འདུ་ཤེས་ཤིག་སེམས་ཀྱི་ཟབ་སར་ན་རྟག་པར་གནས།
ཁོང་ནི་ཚངས་དབྱངས་སྒྲོལ་མ་རེད། ཁ་བ་དཀར་པོ་སྲས་མོ་ཡིས་སེམས་ཀྱི་ཟབ་སར་ན་ཁྲི་མ་འབུམ་གྱི་བརྩེ་བ་ཉར།
ཉེ་སྔོན། གསར་འགོད་པས་ཁ་པར་ལམ་ནས་བོད་ཀྱི་བུད་མེད་ཀྱི་གཞས་གདངས་མཐོ་གྲས་གླུ་མ་གྲགས་ཅན་ཚངས་དབྱངས་སྒྲོལ་མ་ལགས་ལ་བཅར་འདྲི་ཞུས་ཏེ་ཁོ་མོའི་སེམས་སུ་ཉར་བའི་རི་རྒྱལ་ལྟར་བརྟན་ཅིང། མཚོ་མོ་བཞིན་གཏིང་ཟབ་པའི་ཁྲི་མ་འབུམ་གྱི་བརྩེ་བ་ལ་རྒྱུས་ལོན་བྱས་པ་ཡིན།
ཚངས་དབྱངས་སྒྲོལ་མ་ལགས་ནི་རྒྱལ་ཕྱི་ནང་གི་ཉན་མཁན་མང་པོས་དགའ་བསུ་ཐོབ་བཞིན་ཡོད་པའི་དེང་རབས་བོད་ཀྱི་གླུ་མ་ཞིག་ཡིན། ཁོང་གི་ཁུ་བྱུག་སྔོན་མོ་གསུང་དབྱངས་ལ་འགྲན་བདོ་བའི་བདེ་མོ་ངག་ལ་བཀུག་པའི་འགྱུར་ཁུག་སྙན་མོ་རེ་རེས་ཉན་མཁན་མང་པོའི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པ་དང། ངག་གཤིས་འཇམ་ལ་སྙན་པ། གདངས་རིང་ལ་ཚོད་ཐུབ་པ། དབྱངས་འགྲོས་བརྗིད་ཅིང་རྔམས་ཤུགས་ཆེ་བ། མ་བཅོས་ལྷད་མེད་ཀྱི་ཉམས་འགྱུར། སྒྱུ་རྩལ་གྱི་མཚོན་ཤུགས་ལྡན་པ་མ་ཟད་མི་རིགས་རང་བཞིན་དང་དུས་སྐབས་ཚོར་བའི་རྣམ་པ་ལྡན་པས་མི་རིགས་དང་མཛེས་དབྱངས་ཀྱི་གླུ་དབྱངས་ལེན་ཚུལ་ཟུང་དུ་སྦྲེལ་བའི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། ཁོ་མོ་ཡི་ལྷན་སྐྱེས་ཀྱི་གདངས་དབྱངས་སྙན་མོ་དང་རོལ་དབྱངས་སྐོར་གྱི་འཇོན་ཐང་། ད་དུང་མོ་རང་ཉིད་ལ་གདེང་ཐོབ་ཡོད་པ་བཅས་ཀྱིས་ཁ་བ་དཀར་པོ་སྲས་མོའི་མགྲིན་གླུ་སྙན་མོ་རྩྭ་ཐང་དང་གངས་རི་བརྒལ་ནས་གླིང་ལྔ་མཚོ་བཞི་རུ་ཁྱབ།
ཁོ་མོས་ཕ་ཡུལ་གྱི་རི་ལུང་ལ་དུང་ཞེན་མཚོན་པའི་སེམས་སྐྱེས་《ངོ་མཚར་བའི་མཐོ་སྒང་།》དང་《ཕ་ཡུལ་གྱི་ཁ་བཏགས།》 དེ་མིན་ཚིག་དང་དབྱངས་ཁོ་མོ་རང་ཉིད་ཀྱིས་བརྩམས་པའི་《 ཁ་བ་དཀར་པོའི་སྲས་མོ།》《 ཤམ་བྷ་ལ།》《རི་ལུང་གི་ཅོང་བརྡ》སོགས་ལ་ཀྲུང་གོའི་རོལ་དབྱངས་བརྙན་འཕྲིན་གྱི་སྐར་འོད་རྟགས་ཅན་དང་རྟ་མཆོག་རྟགས་ཅན། གསེར་གྱི་རྒོད་པོ་རྟགས་ཅན། མཁའ་ལྡིང་རྟགས་ཅན་དང་སྲིད་གཞུང་གི་བྱ་དགའ་རིམ་པ་ཨང་དང་པོ་སོགས་ཐོབ། ཁོ་མོ་དང་ཁོ་མོའི་གླུ་དབྱངས་མཚམས་སྦྱོར་ཞུ་བའི་ཆེད་དོན་སྒྱུ་རྩལ་ལེ་ཚན་《གངས་རིའི་གསེར་གྱི་བྱ་ཁྱུང་》ལ་རྒྱལ་ཡོངས་ཀྱི་བརྙན་འཕྲིན་དཔྱད་འདེམས་ཁྲོད་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་པ་དང་སྐབས་དང་པོའི་ཡུན་ནན་བརྙན་འཕྲིན་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། ཡུན་ནན་རིག་གནས་ལུས་རྩལ་ལས་རིགས་འཕེལ་རྒྱས་གྱི་བགྲང་ལོ་དྲུག་ཅུའི་ནང་གི་མི་བཟང་དྲུག་ཅུ་ཞེས་པར་ཆེས་མཐོ་བའི་བྱ་དགའ་སྟེ་དམངས་སེམས་རྟགས་མའི་བྱ་དགའ་ཐོབ།སྔོན་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་སར་མཉམ་སྤྲོ་དགོང་ཚོགས་དང་ལོ་སར་གླུ་བྲོ་དགོང་ཚོགས། རྒུད་སྐྱོབ་ཞལ་འདེབས་ཕུལ་བའི་དགོང་ཚོགས་སོགས་རྒྱལ་ཁབ་རིམ་པའི་འགངས་ཆེའི་རིག་རྩལ་དགོངས་ཚོགས་ཆེན་མོ་བརྒྱ་ལ་ཟིན་པར་ཞུགས་མྱོང་ཡོད། ཆེད་བསྒྲིགས་གླུ་དབྱངས་དྲུག་བཏོན་ནས་དེའི་ནང་གི་གླུ་དབྱངས་དྲུག་ཅུ་ལྷག་སྐོར་ཞིག་ལ་རྒྱ་ཆེའི་ཉན་མཁན་རྣམ་པས་དགའ་བསུ་དང་བསྔགས་བརྗོད་ཡང་ཡང་ཐོབ།གློག་བརྙན་《ཁྲག་གི་ལུང་བ》དང《རྒྱས་བཟང་བསོད་ནམས་སྟོབས་རྒྱལ》འགུལ་རིས་《པདྨའི་སྒྲོན་མེ་》བཅས་ཀྱི་གཙོ་དོན་གླུ་དབྱངས་ཁོ་མོས་བླངས་པ་ཡིན་ཞིང། སྐབས་བརྒྱད་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྟེང་གཙོ་དོན་གླུ་དབྱངས་《ནམ་ཡང་གསོན་པོ་གནས་པའི་བྱ་ཁྱུང་》ཞེས་པ་དབྱངས་སུ་གྱེར་བས་སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིང་གིས་བརྩེ་བའི་མཇལ་འཕྲད་གནང་། ཁོ་མོའི་མགྲིན་གླུ་སྙན་མོར་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཕྱི་རྒྱལ་གྱི་དབུ་གཙོ་སོགས་ཀྱིས་བསྔགས་བརྗོད་ཐེངས་མང་པོ་ཐོབ་མྱོང་།
ཁོ་མོ་ནི་རྒྱལ་ནང་ཙམ་དུ་མ་ཚད་འཛམ་གླིང་གི་སྒྱུ་རྩལ་སྟེགས་བུ་སྟེང་ནའང་སྐད་གྲགས་ལྡན་པའི་གླུ་མ་ཞིག་ཡིན། སྔོན་རྗེས་སུ་ཡོ་རོབ་གླིང་དང་མེ་གླིང་། ཨེ་ཤ་ཡ་དང་ཤང་ཀང་ཨོ་མེན་བཅས་རྒྱལ་ཁབ་དང་ས་ཁུལ་དུ་འཁྲབ་སྟོན་ལ་ཕེབས་མྱོང་བས་ཕྱི་རྒྱལ་གྱི་གྲོགས་པོ་རྣམ་པས་ཁོ་མོ་ལ་གསེར་གྱི་མགྲིན་དབྱངས་ཞེས་པའི་མཚན་གྱི་སྙན་པ་ཕུལ།
གླུ་ཡི་གར་སྟེགས་སྟེང་ན་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་མཉམ་དུ་ཁོ་མོ་ཝིན་ཁྲོན་ས་འགུལ། ཡུལ་ཤུལ་ས་འགུལ། ནུབ་བྱང་ས་ཁུལ་གྱི་ཐན་སྐྱོན་དང་རྒུད་སྐྱོབ་འགན་བབ་ཞལ་འདེབས་ཕུལ་བའི་དགོང་ཚོགས་སོགས་སྤྱི་ཕན་བྱ་འགུལ་གྱི་ནང་དུ་ཐེངས་མང་པོར་ཞུགས། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི་《བརྩེ་བ་ཡུལ་ཤུལ་དང་འབྲེལ། དུངས་སེམས་ལ་མུ་མཐའ་མེད།》ཅེས་པའི་འགུལ་འགོག་རྒུད་སྐྱོབ་ཞལ་འདེབས་ཕུལ་བའི་དགོང་ཚོགས་ཆེན་མོའི་སྟེང་མོ་རང་ཉིད་ཀྱིས་མགྲིན་གླུ་སྙན་མོ་དབྱངས་སུ་གྱེར་བ་དང་ས་འགུལ་གྱི་གནོད་འཚེ་ཐེབས་པའི་ཡུལ་ཤུལ་སྤུན་ཟླ་རྣམས་ལ་ལྷག་བསམ་དག་པའི་ཞལ་འདེབས་ཕུལ།
ཚངས་དབྱངས་སྒྲོལ་མ། སྐད་གྲགས་ཅན་གྱི་བུད་མེད་གཞས་གདངས་མཐོ་གྲས་ཀྱི་གླུ་མ། རྒྱལ་ཁབ་གྱི་རིམ་གཅིག་འཁྲབ་སྟོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམིགས་གསལ་ཟུར་ཕོགས་གནང་བའི་ཆེད་ལས་པ། རིག་གནས་པུའུ་ཡི་ཕུལ་བྱུང་ཆེད་ལས་པ། སྐབས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཀྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སྐབས་བཅུ་པ་དང་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱལ་ཡོངས་ན་གཞོན་གླུ་བ་འགྲན་བསྡུར་ཆེན་མོའི་ཁྲོད་དུ་ཐེངས་ལྔའི་རིང་དུ་དཔྱད་བསྐོས་པ་བྱས་ཡོད་པ་དང་དེ་མིན་ཐེངས་མང་པོར་རྒྱལ་ཁབ་རིམ་པའི་གླུ་དབྱངས་འགྲན་བསྡུར་སྟེང་དཔྱད་བསྐོས་པའི་འགན་ཁུར། 2008ལོའི་ཨོ་ལི་ཕི་ཁེ་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཐོགས་མཁན། ཡུན་ནན་ཞིང་ཆེན་རོལ་དབྱངས་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་རོལ་དབྱངས་མཁན་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་གླུ་དབྱངས་མཐུན་ཚོགས་ཀྱི་ཁོངས་མི། ཡུན་ནན་སྒྱུ་རྩལ་སློབ་གླིང་གི་མགྲོན་ཞུས་སློབ་དཔོན། ཡུན་ནན་ལས་གཉེར་སྒྱུ་རྩལ་སློང་གླིང་གི་མགྲོན་ཞུས་སློབ་དཔོན་སོགས་ཡིན།
ཁོ་མོའི་སྒྱུ་རྩལ་ཐད་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་པ་དང་བླ་ན་མེད་པའི་སྒྱུ་རྩལ་གྱི་གཤིས་སྤྱོད་བཟང་པོ་ལྡན་པས་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་བཟང་གི་འཁྲབ་སྟོན་པ། ན་གཞོན་གར་སྟེགས་སྟེང་གི་སྒྱུ་རྩལ་འཁྲབ་སྟོན་པ། དེང་སྐབས་ཆེས་མིང་གྲགས་ལྡན་པའི་སྒྱུ་རྩལ་པ། བཞི་རེ་ཚན་གཅིག་ཅན་གྱི་ཕུལ་བྱུང་བྱས་རྗེས་ཡོད་པའི་ཆེད་ལས་པ། གསུམ་བརྒྱད་དར་དམར་བ་སོགས་ཀྱི་མཚན་བྱང་དང་བྱ་དགའ་རབ་དང་རིམ་པ་ཐོབ། ཁོ་མོའི་མཚན་དང་སྒྱུ་རྩལ་ཐད་ཀྱི་གྲུབ་འབྲས་སྐོར་《གནའ་དུས་དང་དེང་རབས་རྒྱལ་ཕྱི་ནང་གི་བུད་མེད་གྲགས་ཅན་མིང་མཛོད།》དང་《ཀྲུང་གོ་རོལ་དབྱངས་མཁན་མིང་མཛོད།》《ཀྲུང་གོའི་གླུ་བ་དང་ཕྱི་རྒྱལ་གྱི་གླུ་བའི་མིང་མཛོད།》《དེང་རབས་ཀྱི་ན་གཞོན་གྲགས་ཅན།》སོགས་སུ་བཀོད་ཡོད་པ་རེད། ཚངས་དབྱངས་སྒྲོལ་མ། མཛེས་སྡུག་རྣམ་པར་བཀྲ་བའི་གངས་ལྷ་མེ་ཏོག་ཇི་བཞིན། ཁོ་མོའི་མགྲིན་གླུ་སྙན་མོ་གངས་རི་དང་རྩྭ་ཐང་ལ་སིམ་ཡོད་ལ། ཁ་བ་དཀར་པོའི་སྲས་མོས་བརྩེ་སེམས་དང་དུངས་ཞེན་ཡོད་ཚད་བོད་ཁུལ་དང་། བོད་མི་རིགས། བོད་ཀྱི་རིག་གནས་ལ་འབུལ་བཞིན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1