༄༅།། ཁ་པར་དང་བདེ་ཐང་གི་འབྲེལ་བའི་སྐོར་གླེང་བ།

ཚེ་རིང་དོན་འགྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-05


       བདེ་ཐང་ནི་ཚེ་སྲོག་ཡུན་རིང་དུ་གནས་པའི་རྒྱུ་གཙོ་བོ་ཞིག་ཡིན་པས།  བདེ་སྐྱིད་འབྱུང་མིན་ནི་བདེ་ཐང་ལ་ཐད་ཀར་གྱི་རེག་ལས་ཡོད།  རྒྱུན་ལྡན་འཚོ་བའི་ཁྲོད་རང་གི་བདེ་ཐང་ལ་དོ་སྣང་མི་བྱེད་མཁན་ནི་ཤིན་ཏུ་ཉུང་ཉུང་ཡིན་ན་ཡང་།    མི་མང་ཆེ་ཤོས་ཀྱིས་རང་གི་བདེ་ཐང་ལ་ཅི་ལྟར་སྲུང་སྐྱོང་བྱེད་པའི་གནད་ཤེས་ཀྱི་མི་འདུག    
       འདིར་ཁ་པར་དང་འབྲེལ་ནས་རང་གི་ཉམས་མྱོང་སྐོར་གླེང་བར་བྱ་བ་ལ།    སྤྱིར་ན་བརྡ་འཕྲིན་ལག་རྩལ་དར་བ་ནས་མི་རྣམས་ཀྱི་འཚོ་བར་བློ་ཡིས་དཔོག་དཀའ་བའི་འགྱུར་ལྡོག་མང་དུ་འབྱུང་ཞིང་འབྱུང་བཞིན་པ་ང་ཚོས་མིག་མཐོང་ལག་ཟིན་ལྟར་སྣང་ལ།    ང་ཚོའི་འཚོ་བ་ལ་སྟབས་བདེ་དང་མཚར་སྣང་གང་མང་ཞིག་བསྐྲུན་ཡོད་པའང་ཤེས་ཐུབ།   དེ་ལྟར་ལགས་ཀྱང་ཞོར་དུ་རང་གི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་གནས་ལུགས་ཀྱང་ངེས་པར་དུ་རྟོགས་དགོས་འདུག     དེང་སང་ཁ་པར་དང་བརྙན་འཕྲིན་གྱི་ངོས་ལ་བལྟ་ཡུན་རིང་དྲགས་ན་མིག་ནུས་ཉམས་པའི་གནས་ཚུལ་ནི་ང་ཚོའི་ཉེ་འགྲམ་ན་མང་པོ་མཐོང་རྒྱུ་འདུག་ལ།  ལྷག་པར་བྱིས་པ་རྣམས་ནི་མཚར་ཆེ་བས་ཁ་པར་ཡུན་རིང་དུ་རྩེད་ན་མིག་ནུས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་པ་ནི་ཁྱིམ་བདག་རྣམ་པ་ཚོ་ནས་ཀྱང་ཤིན་ཏུ་ཤེས་དགོས་པ་ཞིག་དང་མཐོང་ཆེན་བྱེད་དགོས་པའི་གནད་ཅིག་རེད།      
       ང་རང་ཉིད་ལ་མཚོན་ན།    བྱ་བའི་དབང་གིས་ཉིན་གང་བོར་ཀློག་ཀླད་ཀྱི་འཆར་ཤེལ་ངོས་ལ་བལྟ་དགོས་པ་དང་།  གློག་ཀླད་མེད་ན་ཉིན་གཅིག་ལ་བྱ་བ་ཅི་ཞིག་སྒྲུབ་དགོས་པའང་མི་ཤེས་པའི་ཚད་ལ་ལྷུང་ཡོད།  བརྡ་འཕྲིན་ལག་རྩལ་གྱི་དུས་རབས་ནང་མི་མང་ཆེ་ཤོས་ཀྱི་བྱ་བ་ནི་གློག་ཀླད་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཆགས་ཡོད་ལ།   འདི་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་ཚན་རྩལ་གྱིས་ང་ཚོའི་འཚོ་བར་བཏང་བའི་འགྱུར་ལྡོག་རེད།     ལོ་གཉིས་ནས་གསུམ་དང་ཡང་ན་བཞིའི་དུས་ཚོད་ནང་གློག་ཀླད་སྤྱད་ཀྱང་དེའི་གནོད་པ་སོགས་ཐད་ཀར་མཐོང་གི་མེད་མོད།   ཡིན་ན་ཡང་ལོ་ལྔ་དང་དེའི་ཡན་ལ་སྤྱོད་ཡུན་རིང་བ་ཡིན་ན།    རིམ་བཞིན་མིག་ཤེད་ཉམས་པ་དང་ རྣམ་རིག་མི་གསལ་བ།   ལུས་པོར་ཚོ་གསོག་པ།    དགོང་མོར་གཉིད་མི་ཡོང་བ།    ཟས་ཀྱི་ཡི་ག་འགག་པ་སོགས་ནད་རིགས་མི་ཉུང་བ་ཞིག་མངོན་སུམ་གྱིས་འབྱུང་གི་ཡོད་པ་ནི་དོན་དངོས་ཤིག་ཏུ་གྱུར་ཡོད།  
       མི་རེ་རེའི་གོམས་གཤིས་མི་འདྲ་བའི་དབང་གིས་ང་རང་ཉིད་ནི་གསར་འགྱུར་དང་འཕྲིན་གཏོང་མཉེན་ཆས་སོགས་བཀོལ་རྒྱུར་དགའ་བས།   ཕྱི་དྲོའི་ལས་མཚམས་བཞག་རྗེས་ཁྱིམ་དུ་ལོག་པ་ན།   ཁ་པར་གྱི་ཁ་ཕྱེས་ནས་གསར་འགྱུར་ལ་བལྟ་བ་དང་།    ཡང་ན་སྐད་འཕྲིན་གྱི་སྒང་ནས་གྲོགས་པོ་རྣམས་ལ་ཁ་བརྡ་བྱེད་པ།   ཁ་པར་གྱི་མཉེན་ཆས་ཐོག་ནས་དཔེ་ཆར་གཟིགས་པ་སོགས་ལ་གོམས་ལོབས་བྱུང་བས།    བལྟ་ཡུན་རིང་དྲགས་པ་དང་།   མགོ་བོ་མར་སྒུར་ནས་འགུལ་སྐྱོད་མ་བྱས་པའི་གནས་ཚུལ་འོག    རིམ་བཞིན་སྐེ་ཚིགས་ན་བ་དང་།    རྒྱབ་ན་བ།   གཉིད་མི་ཡོང་བ།   སེམས་ཁམས་མི་དྭངས་པ།  མཛུ་གུ་ན་བ།    ལག་ཟུང་གཉིས་སྦྲིད་པ་སོགས་ཀྱི་ནད་བྱུང་ནས་ལུས་པོ་སྟབས་མི་བདེ་བ་བྱུང་འདུག       གློག་ཀླད་ལ་འབྲེལ་འདྲིས་བྱེད་མཁན་ཞིག་ཡིན་ན་སྤྱིར་བཏང་དུ་སྐེ་ཚིགས་ན་བ་འདི་རྒྱུན་མཐོང་ནད་ཅིག་ཏུ་གྱུར་ཡོད་ལ།    སྐེ་ཚིགས་ན་བ་ལ་བརྟེན་ནས་ཀླད་པའི་ནང་དུ་ཁྲག་གི་འཁོར་བསྐྱོད་བྱས་པ་མི་འདང་བ་དང་་མཚན་གང་བོར་གཉིད་མི་ཡོང་བ་ཆགས་ཀྱི་འདུག    
       དེང་གི་མཉེན་ཆས་རྣམས་ནི་སྔར་དང་མི་འདྲ་བར་བཀོལ་སྤྱོད་བྱེད་སྟངས་རྙོག་འཛིང་མི་ཆེ་ཞིང་།    སྟབས་བདེའི་རང་བཞིན་ཅན་དུ་བཟོས་འདུག་པས།    ཡིག་ངོ་ཆོད་པ་ཙམ་གྱིས་ཀྱང་བཀོལ་སྤྱོད་བྱས་ཆོག་འདུག   དེང་སང་ཕལ་ཆེར་སྐད་འཕྲིན་རྩེད་མི་ཤེས་མཁན་ཉུང་ཉུང་ཡིན་པ་དེས་ཀྱང་བརྡ་འཕྲིན་ལག་རྩལ་ནི་མི་རྣམས་ཀྱི་འཚོ་བའི་ཕྱོགས་སོ་སོར་ཁྱབ་ཡོད་པ་ཤེས་ཐུབ།    ཡིན་ན་ཡང་། མི་མང་ཆེ་ཤོས་ཀྱིས་དགེ་མཚན་ལས་སྐྱོན་ཆ་མཐོང་ཐུབ་ཀྱི་མེད།    གསར་འགྱུར་ཁག་ཏུ་བྱིས་པའི་མིག་ལ་ཁ་པར་གྱི་འོད་འཕྲོས་ནས་དབང་བོ་སྐྱོན་ཅན་དུ་བཏང་བ་དང་།    ཡང་ཕ་མ་གཉིས་ཀྱིས་བྱིས་པའི་ལག་ལ་ཁ་པར་བཞག་ནས་རྩེད་ཡུན་རིང་དྲགས་པས།   མིག་མདངས་ཉམས་ནས་ངེས་པར་དུ་ཤེལ་མིག་གྱོན་དགོས་པ་སོགས་ཀྱི་གནས་ཚུལ་དང་།    སྐད་འཕྲིན་རྩེ་ཡུན་མང་བས་རང་གི་བྱ་བ་དལ་འགོར་བྱས་པ་དང་གཞན་ལ་འབྲེལ་འདྲིས་མེད་པར་སུན་སྣང་སྟེར་བ།  མི་དང་མིའི་བར་གྱི་འབྲེལ་བ་ཇེ་ཞན་དང་།  གཞན་གྱི་བརྩེ་བ་རྒྱ་ཡན་དུ་བཏང་བ།  ཡང་ན་སྐད་རིན་འཕྲོག་བརླག་ཏུ་བཏང་ནས་གང་སར་ཁུག་དམར་སློང་བ་སོགས་ཀྱི་གནས་ཚུལ་ཡང་ཐོན་གྱི་ཡོད་པས།    རང་གཞན་གྱི་བདེ་བའི་ཆེད་དུ་འོས་འཚམས་ཀྱིས་ཁ་པར་སྤྱོད་རྒྱུ་དངོས་ནས་གལ་ཆེ་བ་ཞིག་རེད།  
       ཁ་པར་སྤྱོད་ཡུན་མང་བས།    དེ་བསྟུན་གྱི་ནད་རིགས་སྣ་ཚོགས་ཀྱང་འབྱུང་གི་ཡོད་ལ།   ད་གཟོད་མི་རྣམས་ཀྱིས་བདེ་ཐང་ལ་དོ་སྣང་བྱེད་མགོ་རྩོམ་གྱི་ཡོད།    ནད་རིགས་འདི་དག་ལ་དམིགས་ནས་ཆེད་མཁས་རྣམས་ཀྱིས་བདེ་ཐང་གསལ་སྟོན་གྱི་ཤེས་བྱ་ཁག་མང་པོ་ཞིག་བཀྲམ་ཡོད་ཅིང་།    ང་ཚོས་ཁ་པར་དང་གློག་ཀླད།   བརྙན་འཕྲིན་སོགས་གང་ཞིག་སྤྱོད་པ་ཡིན་རུང་།    དེའི་སྐོར་གྱི་བདེ་ཐང་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན་པ་མ་ཟད།   ཤེས་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ལག་ལེན་དུ་བསྟར་ན་ད་གཟོད་བདེ་སྲུང་ནུས་པ་ཐོན་གྱི་རེད།                                                                                                                    
       སྤྱིར་བཏང་དུ་དགོང་མོའི་དུས་ཚོད་དགུ་བའི་རྗེས་ནས་ཁ་པར་ལ་བལྟས་ན་མི་བཟང་བ་དང་གཉིད་མི་ཡོང་ཞེས་བཤད་ཡོད།  ལྷག་པར་མུན་ནག་གི་ནང་ནས་ཅིས་ཀྱང་ཁ་པར་གྱི་འཆར་ཤེལ་ངོས་ལ་བལྟ་མི་རུང་།    ད་དུང་སྐྱི་ལྤགས་དང་རུས་པ་ལ་ཡང་མངོན་གསལ་མིན་པའི་སྒོ་ནས་གནོད་བསྐྱལ་བཞིན་ཡོད།  ཞིབ་འཇུག་ཅིག་གི་ནང་དུ་ཁ་པར་བཟུང་ཡུན་རིང་ན་སྐྱེས་པའི་ཁམས་དཀར་ལ་ཡང་གནོད་ཅེས་བྲིས་ཡོད།  ཁ་པར་ལས་བསྐྱེད་པའི་ནད་འདི་རིགས་ནི་སྨན་འཐུང་བ་ཙམ་གྱིས་མི་འཇོག་པས།  རྒྱུན་ལྡན་འཚོ་བའི་ནང་ངེས་པར་དུ་རྐང་ཐང་དུ་འགྲོ་བ་དང་།   རྐང་ལག་དང་སྐེ་ཚིགས་ཡར་མར་འགུལ་བ།   ཁྱིམ་ལས་མང་ཙམ་ལས་པ།  བཟའ་མི་དང་མཉམ་དུ་ཁ་བརྡ་དང་རོལ་རྩེད་བྱེད་པ།        ཁ་པར་ཉུང་སྤྱོད་དང་སྤྱོད་པའི་དུས་ན་ཡང་དུས་ཚོད་རེ་རེའི་ནང་ཡར་ལངས་ནས་འགྲོ་འོང་དང་མིག་གིས་སྐར་མ་གསུམ་བཞི་ལ་ངལ་གསོ་བྱེད་པའམ་རྒྱང་རིང་དུ་བལྟ་བ་སོགས་བྱས་ན།     ཆུ་མ་ཡོང་གོང་གི་རགས་ལྟར་ནད་རིགས་འདི་དག་སྔོན་འགོག་བྱེད་པའི་ནུས་པ་ཐོན་གྱི་ཡོད་པས་རྒྱུན་ལྡན་འཚོ་བའི་ནང་གྲོགས་པོ་རྣམས་ཀྱིས་མཉམ་འཇོག་གང་ལེགས་བྱེད་རྒྱུ་མཁྱེན།
《བདེ་ཆེན་བོད་ཡིག་ཚགས་པར།》ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1