༄༅།། ཡེ་ཀྲིའི་སྙན་ངག་བདམས་བཀོད།

གླིང་རྡོ་རྗེ་རིན་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-13


གླིང་རྡོ་རྗེ་རིན་ཆེན་གྱིས་བསྒྱུར། 

        བྱ་དཀར་པོ།
སྙིང་ཉེ་ལགས། འུ་གཉིས་ནི་རླབས་རྩེའི་སྟེང་གི་བྱ་དཀར་པོ་ཟུང་གཅིག་ཡིན་པར་སྨོན།
སྐར་མདའ་ད་དུང་འཇིགས་མེད་ཀྱང་།  འུ་གཉིས་སྔར་ནས་དེ་ཡི་འོད་ཟེར་ལ་སུན་སྣང་སྐྱེས །
གནམ་མཐའ་དམའ་མོར་དཔྱངས་པའི་སྐྱ་རེངས་ཀྱི་འོད་ཟེར་ལས་འཕྲོས་པའི་མཐིང་མདོག་གི་སྐར་འོད་དེས །
ཁྱོད་དང་འུ་གཉིས་ཀྱི་སེམས་ན་ཉལ་བའི་འཆི་མེད་ཀྱི་སྐྱོ་བ་དེ་གཉིད་ལས་བསླངས།
བརླན་ཞིང་གཤེར་བའི་ལུག་མཉེ་མེ་ཏོག་དང་རྒྱ་སེ་མེ་ཏོག་གི་རྨི་ལམ་ལས་ཨ་ཐང་གི་དུ་བ་འཕྱུར །
ཧུ།  སྙིང་ཉེ་ལགས། ཡིན་ཡང་སྐར་མདའ་དེའི་འོད་ཟེར་རྨི་ལམ་དུ་མི་སྒོམ་རོགས །
མཐིང་མདོག་གི་སྐར་མའི་འཁྱུག་ཟེར་དེ་ཟིལ་ཐིགས་ཁྲོད་དམའ་བར་རྒྱུ་བ་ཡང་རྨི་ལམ་དུ་མི་སྒོམ་པར་ཞུ །
འུ་གཉིས་རླབས་རྩེའི་སྟེང་གི་བྱ་དཀར་པོ་ཞིག་ཏུ་འགྱུར་བར་སྨོན།   ང་དང་ཁྱོད།
ང་ཡི་སེམས་སུ་བགྲང་ལས་འདས་པའི་གླིང་ཕྲན་དང་ཏན་ནན་མཚེའུ་དག་ཡང་ཡང་འཁྱུད །
གནས་དེར་ལོ་ཟླས་ང་ཚོ་བརྗེད་པར་གྱུར་པས།  སྐྱོ་གདུང་ནི་ནམ་ཡང་ཕྱིར་འཁོར་མི་སྲིད །
མིག་ལྡེམ་དབང་གིས་རྒྱ་སེ་དང་ལུག་མཉེ་མེ་ཏོག སྐར་འོད་ཀྱི་བཙན་འཛུལ་དང་རིང་དུ་གྱེས་སྲིད །
སྙིང་ཉེ་ལགས། གལ་ཏེ་འུ་གཉིས་བྱ་དཀར་པོ་ཟུང་གཅིག་ཡིན་ན།
རླབས་ཕྲེང་གི་རྩེ་ནས་འགྲོ་འོང་བྱེད།


   ལཱི་ཏ་དང་ངང་བ།
གློ་བུར་དུ་ཉམ་ཆུང་གི་བུ་མོར་འཇབ་རྒོལ་ཐེབས།
གཤོག་ཆེན་ཟུང་དེ་ད་དུང་གང་བྱུང་དུ་རྡེབ་བཞིན།  ངང་བའི་ལག་སྐྱིབས་ནག་པོ་ཟུང་གིས།
ཁོ་མོའི་བརླ་བར་བྱིལ་བྱིལ་བྱེད།   ངང་བའི་མཆུ་ཏོས་ཁོ་མོའི་མགྲིན་པ་འཐུ་བཞིན།
ཁོ་མོའི་ཐར་ཐབས་བྲལ་བའི་བྲང་ཁ་དེ་རང་གི་བྲང་ཁོག་གིས་བཙིར།
མཛུབ་མོ་ནི་དངངས་པར་གྱུར་པས།  ལྷོད་པར་གྱུར་པའི་བརླ་བར་ནས་སྒྲོ་སྤུ་དཀར་པོའི་གཟི་བརྗིད་དེ་ཕར་འདེད་བྱེད་པའི་ནུས་ཤུགས་ཡོད་དམ།
ལུས་པོ་ནི།  དཀར་བོང་བོང་གི་ཁམ་པའི་ཁྲོད་གན་རྐྱལ་དུ་འགྱེལ་བ།
ཁྱད་མཚར་གྱི་སྙིང་གི་འཕར་ལྡིང་དེ་ཅིའི་ཕྱིར་མི་ཚོར།
དཔྱི་མགོ་ནས་འདར་འགུལ་ཙམ་བྱས་པས།
གྱང་རལ་དང་མཁར་བརྩེགས་མེ་དཔུང་གི་དུ་སྨུག་གིས་བཟུང་བ་དང་།
ཨ་གཱ་མིན་ནོང་གི་འཆི་འཕོ་ཡང་བསྐྲུན་པར་བྱས།
ཁོ་མོ་དེ་ལྟར་བདག་བཟུང་བྱས་པའི་སྐབས་དེར།
གནས་དེ་འདི་ལྟར་ནམ་མཁའི་དམུ་རྒོད་ཀྱི་ཁྲག་གིས།
ཁུ་སུམ་གྱི་མཆུ་ཏོ་དེས་ཁོ་མོ་གཏོང་རག་བར་དུ་དབང་སྒྱུར་བྱས་པས།
ཁོ་མོར་ཁོའི་ཟིལ་ཤུགས་དང་ཤེས་ཡོན་དག་ཐོབ་ཟིན་ནམ།


               མདའ་མོ།

ངས་ཁྱོད་ཀྱི་མཛེས་པ་དྲན་བཞིན།    མདའ་མོ་འདི།
ངའི་རུས་གསེང་དུ་ཟུག  དམུ་རྒོད་ཀྱི་བསམ་བློ་ཅིག་ལས་བསྐྲུན་པའི་མདའ་མོ་དེ།
སུ་ཞིག་གིས་ཀྱང་ཁོ་མོར་འདི་ལྟར་དགྱེ་ནས་ལྟ་མ་ཐུབ།  སུས་ཀྱང་མ་ཐུབ་བོ།
སྲན་མའི་འདབ་མ་ཕྱོགས་སུ་རྒྱས་མ་ཐག  བུད་མེད་ཅིག་གིས།
ཞུ་དུལ་གྱི་ཉམས་འགྱུར་དང་།  མྱོས་བུམ་དང་ངོ་གདོང་ཡང་དག་གིས་ལེགས་པར་གསོས།
མཛེས་ལྡན་གྱི་ཤ་མདངས་ནི།  ཀུ་ཤུའི་མེ་ཏོག་གི་མདབ་མར་འཁྲུལ་བས།
སྔར་ལས་ཀྱང་སྙིང་ཉེ་བར་གྱུར།   ཡིན་ཡང་རྒྱུ་རྐྱེན་གཅིག་གི་དབང་གིས།
ངས་དུས་ཚིགས་གདའ་ཟིན་པའི་འདས་སོང་གི་མཛེས་པ་དེའི་ཆེད་དུ་ངུ་ན་འདོད།

           

སྙན་ངག་པས་རང་ཉིད་ཀྱི་བརྩེ་དུང་ལ་ཕུལ་བ།

ངས་གོང་བཀུར་གྱིས་ཁེངས་པའི་ལག་པས།
ཁྱོད་ལ་མཛད་ཐབས་བྲལ་བའི་བདག་གི་རྨི་ལམ་གྱི་གླེགས་བམ་ཁྱེར་འོང་།
སྤྲོ་སེམས་ཀྱི་མནར་གཅོད་དེས་བུད་མེད་གོ་རྒས་སུ་བཏང་བ་ནི།
ཞོགས་པའི་རླབས་ཕྲེང་གིས་བྱེ་མ་བརྡར་ཏེ་དམར་ཞིང་ཐལ་མདོག་ཏུ་བསྒྱུར་བ་འདྲ།
ཧུ  དུས་ཚོད་ཀྱི་རྒས་ཤིང་འཁོགས་པའི་མེ་དཔུང་ཁྲོད་ནས་ཁྱབ་འོང་བའི་དུང་སྒྲ།
ཡིན་ཡང་དེ་ལས་ཀྱང་ལོ་རྒྱུས་ཀྱི་རྒྱུན་རིང་བ་ནི་ངའི་སེམས་པ་རེད།
རྒས་ཟིན་པའི་བུད་མེད་དེའི་རྐྱེན་གྱིས།
ངའི་རྫོགས་ཐབས་བྲལ་བའི་རྨི་ལམ་དེས་ཁྱོད་ལ་སྤྲོ་སེམས་ཀྱི་གདངས་དབྱངས་འབུལ་ལོ།།

              

ཁོས་རང་ཉིད་ཀྱི་དགའ་མར་གནང་བའི་སྙན་ངག

གསེར་མདོག་གི་སྐྲ་འཛེར་ཞིག་གིས་ཁྱོད་ཀྱི་དབུ་སྐྲ་དམ་པོར་བསྡམས་རྗེས །
སིལ་བུར་འཐོར་བའི་དབུ་སྐྲའི་ཉག་མ་རེ་རེ་དལ་གྱིས་བསྡམས །
ངས་རང་ཉིད་ཀྱི་སེམས་ལ་སྙིང་རྗེ་བའི་གདངས་དབྱངས་འདི་དག་བསྐྲུན་པའི་བཀའ་ཕབ །
ཉིན་རེ་བཞིན་དུ།  སེམས་པ་ནི་གདངས་དབྱངས་ཁྲོད་ན་ཁོམ་ལོང་བྲལ་ཏེ །
འདས་ཟིན་པའི་འཐབ་འཛིང་དེའི་ཁྲོད་ནས་སྐྱོ་སྡུག་གི་དྭངས་གཙང་ཞིག་བཟོས།
ཁྱོད་ཀྱིས་མུ་ཏིག་ལྟར་དཀར་བའི་ལག་པ་ཡ་གཅིག་ཡར་བཏེགས་པ་དང་ །
རང་ཉིད་ཀྱི་དབུ་སྐྲ་ལེགས་པོར་བསྡམས་ཏེ་དབུགས་རིང་ཞིག་ཧད་པས་ཆོག
སྐྱེས་པ་ཡོད་ཚད་ཀྱི་སེམས་ཨ།  མེ་རུ་སྦར་ཅིང་དྲག་ཏུ་འཆོང་དགོས་པར་འདུག
རབ་རིབ་ཀྱི་བྱེ་འགྲམ་དུ།    ཝུ་བ་ནི་ལ་སྒྲོན་དང་འདྲ །
སྐར་ཚོགས་མཚན་མོའི་མཁའ་དབྱིངས་སུ་འཛེགས་ཅིང་།  མཁའ་དབྱིངས་ཁྲོད་ཀྱི་ཟིལ་ཐིགས་དལ་གྱིས་ལྷུང་ །
སྐར་ཚོགས་དེ་ལྟར་འཚེར་དོན་ཡང་། ཁྱོད་ཀྱི་རྐང་བ་ཕྲ་མོ་དེ་གསལ་བར་བྱེད་པའི་ཆེད་དུའོ།།

ཁོས་ཕུན་སུམ་ཚོགས་པའི་མཛེས་པ་གླེང་བ།

ཧུད།  དཀར་སིང་སིང་གི་མིག་སྐྱིབས།    མགོ་འཐོམས་པའི་མིག་དབང་།
དབྱངས་སྦྱོར་གྱིས་ཕུན་སུམ་ཚོགས་པའི་མཛེས་པ་ཞིག་བསྐྲུན་པའི་ཆེད་དུ།
སྙན་ངག་པ་རྣམས་ཚེ་གང་བོར་དཀའ་སྤྱད་ཀྱི་ལས་སུ་འཛུལ་བ།
བུད་མེད་ཅིག་གི་ཟུར་མིག་ལས་རྡུལ་དུ་མི་བརླག་པར་ཞུ་ཡང་།
བར་སྣང་དུ་རང་དབང་རྒྱུ་བའི་ཚོ་ཁག་གིས་ཐལ་བར་བཏང་།
དེ་བས་གཏི་མུག་གཉིད་དེ་ཟིལ་ཐིགས་ཚོགས་ཀྱིས་གཏོར་བ་ན།
དཀོན་མཆོག་གིས་དུས་ཚོད་མེ་རུ་སྦར་ཚར་བའི་བར་དུ།
བདག་གི་སེམས་ནས་ཁྱོད་དང་རང་དགར་རྒྱུ་བའི་སྐར་ཚོགས་ལ་མདུད་དོ།།

པད་ཀྲན་ཐེན་ལ་ཁ་ལོ་བསྒྱུར་བ།

དེ་ནི་རྒན་འཁོགས་རྣམས་ཀྱི་རྒྱལ་ཁམས་མིན།
ན་གཞོན་ཚོས་ཕན་ཚུན་ལ་འཁྱུད་པར་བྱེད་ཅིང་ །
ཚེ་ཡི་འདུ་བྱེད་བཏང་བའི་ལོ་རབས་དེར།   སྡོང་མགོའི་བྱེའུ་རྣམས་ཀྱིས་གླུ་དབྱངས་ལེན་བཞིན་ཡོད །
ཉ་མོའི་རྦབ་ཆུ།  ཉ་སྔོན་ཁྲ་ཡིས་བཀང་བའི་རྒྱ་མཚོ །
ཉ་དང་རི་དྭགས ཡང་ན་བྱ་སོགས་ཀྱིས་དབྱར་ཚིགས་ཧྲིལ་བོར།
སྐྱེ་འཆིའི་ཆོས་སུ་ཞུགས་པའི་སྲོག་ལྡན་ཡོད་ཚད་ལ་བསྟོད་བསྔགས་འབུལ།
དབང་བོའི་གཞས་གདངས་སྙན་མོར་སིམ་པས།  
ཚང་མས་ཉམས་པ་མེད་པའི་རིག་རྟོགས་ཀྱི་དྲན་རྟེན་དེ་བཏང་སྙོམས་སུ་བསྐྱུར།
རྣམ་ཤེས་ཀྱིས་ལག་རྡེབ་བྱེད་བཞིན།  དེའི་སྐྱི་པགས་སྟེང་གི་གས་ཁ་རེ་རེའི་ཆེད་དུ་ཤུགས་ཀྱིས་གླུ་གཞས་བཏང་བ་མིན་ཚེ།
ལུས་ཟུངས་ཟད་པའི་བགྲེས་པོ་དེ་ནི་ཕྱགས་དོར་ཏེ།
རྙིལ་ཧྲུལ་དུ་གྱུར་པའི་ཕྱི་ལྭ་ཅིག་དབྱུག་པའི་སྟེང་དུ་བརྙེས་པ་བཞིན།
ཡིན་ཡང་ དྲན་རྟེན་གྱི་སྟེང་དུ་བཀོད་པའི་གཟི་བརྗིད་ལ་ཞིབ་འཇུག་བྱེད་མཁན་ལས།    
གླུ་གཞས་ཁྲིད་པའི་སློབ་གྲྭ་ནི་མི་འདུག
དེ་བས།  བདག་ནི་རྒྱང་རིང་ནས་མཚོ་ཆེན་བརྒལ་ཏེ་གནས་མཆོག་པད་ཀྲན་ཐེན་གྱི་མཁར་རྫོང་ལ་ལྷགས་པ་ཡིན།
འོ།  ཤེས་རབ་ཅན་རྣམས།  དཀོན་མཆོག་གི་མེ་དཔུང་ཁྲོད་དུ་བགྲེང་འདུག
ལྡེབས་རིས་སུ་མཛེས་པར་སྤུད་པའི་རྒྱན་ཆ་བཞིན།
ལྷ་ཡི་མེ་དཔུང་ཁྲོད་ནས་ཕྱིར་ཐོན་ཏེ།  མཁའ་དབྱིངས་སུ་ལྡིང་སྐོར་བྱེད་བཞིན།
 ཁྱེད་ཉིད་བདག་གི་རྣམ་ཤེས་ལ་གླུ་གཞས་ཁྲིད་མཁན་གྱི་དམ་པར་གྱུར་ཅིག་ཨང་།
བདག་གི་གི་སེམས་པ་མེ་རུ་འཚིག་པར་བྱས་ཏེ།  ཤི་ཁ་མའི་ལུས་པོའི་སྟེང་དུ་བཀྱིགས་པ་དང་།  འདོད་པས་རུལ་བར་བྱས་པས།
དེ་ཉིད་སྔ་མར་ཇི་འདྲ་ཞིག་ཡིན་པ་ཡང་མི་ཚོར་བར་གྱུར།
ཁྱེད་ཀྱིས་ང་རང་མྱུར་དུ་རྟག་བརྟན་གྱི་སྒྱུ་རྩལ་གྱི་བཀོད་པར་འཐུ་རོགས།
བརྒྱ་ལ་ང་ནི་རང་བྱུང་ཁམས་དང་གྱེས་ཚེ།
ངས་གཏན་ནས་རང་བྱུང་གི་དངོས་པོ་གང་ལས་ཀྱང་རང་ཉིད་ཀྱི་ཚུགས་ཀ་མི་ལེན་པར །
ཧི་ལའི་གསེར་བཟོ་ཡིས་གསེར་རྩི་དང་གསེར་གྱིས་ལུགས་བརྒྱབ་པའི་བཟོ་ལྟ་དེ།
གཉིད་ཀྱིས་བསྡུས་པའི་གོང་མར་རྣམ་རིག་བསྒྲིམ་པའི་སྐྱེས་སུ་འབུལ།
ཡང་ན་ གསེར་གྱི་ཡལ་གའི་སྟེང་བརྒྱན་ཅིང་འདས་མ་ད་གསུམ་གྱི་བྱ་བཞག་ལ་གླུ་ཡིས་བསྟད་དེ།
པད་ཀྲན་ཐེན་གྱི་སྐུ་དྲག་དང་ལྕམ་མོའི་སྙན་ལ་འབུལ་བར་བྱའོ།།

                          

གཏན་ནས་སེམས་ཀྱི་ཡོད་ཚད་འབུལ་བར་མི་བྱ།

གཏན་ནས་གཏན་དུ།  སེམས་ཀྱི་ཡོད་ཚད་འབུལ་བར་མི་བྱ།
སྤྲོ་བས་མྱོས་པའི་བུད་མེད་དེ་དག་གི་མིག་ནང་དུ།  
གལ་ཏེ་བརྩེ་དུང་ནི་མ་གཞི་ནས་དེ་འདྲ་ཞིག་ཡིན་པར་འདོད་ན  དེ་ནི་བསམ་བློ་གཏོང་རིན་མེད་པར་སྣང་སྟེ།
ཁོ་མོ་ཚོས་བརྩེ་དུང་ནི་གཅིག་ནས་གཅིག་ལ་འོ་བྱེད་པའི་བར་གླགས་ནས་ཤོར་འགྲོ་བར་ཡེ་ནས་བསམ་གཞིགས་བཏང་མ་མྱོང་བ་དང་།
བློ་ངོར་འབབ་པའི་བྱ་དངོས་རེ་རེ་ཡང་སེ་གོལ་གཏོགས་ཀྱི་ཡུན་ཙམ་དང་།  འཆར་ཡན་ཅན། ཡང་ན་སྙིང་ཉེ་བའི་སྤྲོ་སེམས་ཙམ་དུ་གྱུར་པས་ལན་ནོ།།
གཏན་ནས་གཏན་དུ།  ཐད་ཀར་དུ་སེམས་པ་མི་འབུལ་བར་ཞུ།
རྒྱུ་མཚན། བུད་མེད་དེ་དག་སྨྲ་མཁས་ངག་དང་ལྡན་ཡང་།
ཁོ་མོ་ཚོའི་སེམས་པ་དབྱུང་དོན་ནི།  རོལ་རྩེད་ཙམ་གྱི་ཆེད་དུའོ།།
ཡིན་ཡང་ གལ་སྲིད་བརྩེ་དུང་ནི་ལྐུགས་ཤིང་འོན་ཅིང་ལྡོངས་བར་གྱུར་པའི་དབང་དུ་བཏང་ན།
དོན་ངོར་སུ་ཞིག་གིས་རྩེ་དགའི་ཉམས་ལ་དོན་སྙིང་དང་ལྡན་པར་འཇུག་ཐུབ་བམ།
ཁོ་བོས་ཕུལ་དྲགས་པས་བོར་ཟིན་པའི་སྙིང་གསོན་པོ་དེའི་དབང་གིས།
ཁོས་འདི་ལྟར་སྒྲུབ་པ་ཡང་།   ད་ནི་རིན་དོད་ཡོད་ཚད་འཇལ་བར་བྱ།
                    དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ལྷགས་པའི་བློ་གྲོས
ཡལ་ག་ཕྱོགས་སུ་མོད་པོར་རྒྱས་ཀྱང་།   རྩ་བ་གཅིག་ལས་མི་མཐོང་བས །
ངའི་ལང་ཚོའི་ཁྲོད་རྫུན་གཏམ་གྱིས་ཁེངས་པའི་ཉི་མ་ཡོད་དོ་ཅོག་ལ་བརྒྱུད་པ་དང་ །
ངས་ནི་ཉི་འོག་ཏུ་རང་ཉིད་ཀྱི་ལོ་འདབ་དང་མེ་ཏོག་དག་སྤྲུགས་སྤྲུགས་བྱས།
ད་ལྟ་ང་ནི་རྙིད་པར་གྱུར་ཏེ་བདེན་ལུགས་སུ་འཛུལ་ན་ཆོག
              བརྩེ་གཞས།
ང་ཡི་བརྩེ་བ།  ང་ཚོ་འགྲོ་དགོས།  ང་ཚོ་འགྲོ་དགོས།   ཁྱོད་དང་ང་།
ནགས་ཚལ་དེའི་ནང་དུ་སོང་སྟེ།  ཟིལ་ཐིགས་རེ་རེ་སྤྲུགས་ནས་གཏོར།
གོས་ཉ་རྩེད་འཇོར་རོལ་བ་དང་།  བྱ་གག་ལྡིང་སྐོར་རྒྱག་པར་བལྟ་རུ་འགྲོ །
ང་ཡི་བརྩེ་བ།  ང་ཚོས་རྒྱང་རིང་གི་ས་ནས་ཤྭ་རྒོད་ཀྱིས་ཕན་ཚུན་ཡང་ཡང་འབོད་པ་ཐོས་སྲིད།
ད་དུང་ང་ཚོའི་དོན་དུ་གླུ་ཡི་འགྱུར་ཁུགས་ངག་ལ་འགུག་བཞིན་པའི་ཡལ་གའི་སྟེང་གི་བྱིའུ་ཆུང་ཆུང་ཡང་ཡོད །
མི་མངོན་པའི་མཇོལ་མོ།  མཇོལ་མོའི་སྤྲོ་སེམས་རབ་ཏུ་བརྟས །
འོ།  མཛེས་ལྡན་གྱི་མི།  འཆི་བ་ནི་གཏན་ནས་ཉེ་བར་མི་འགྱུར་ཏེ།
དྲི་ཞིམ་གྱིས་ཡོངས་སུ་ཁྱབ་པའི་རྒྱང་རིང་གི་ནགས་ཀློང་འདིར་སླེབས་མི་སྲིད་དོ།།

                                                  2016/11/25ཉིན་བསྒྱུར་ཚར།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1