དཔལ་ལྷའི་རི་ཁྲོད་དམ་དཔལ་ལྷའི་དུས་ཆེན(班丹拉姆节)ནི་བོད་དབུས་ཁུལ་གྱི་དུས་ཆེན་ཞིག་སྟེ། བོད་ཟླ་བཅུ་པའི་ནང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་ཡིན་ཅིང་། ཟླ་བ་དེའི་ཚེས་གཅིག་ནས་བཟུང་ལྷ་ས་གྲོང་ཁྱེར་དུ་རྣམ་ཀུན་གྱི་སློང་མོ་བ་འདྲ་མིན་ཁག་ཙམ་མ་ཟད། བྱིས་པ་དང་ལྷ་ཁང་ཁག་གི་དཀོར་གཉེར་སོགས་ནས་དཔལ་ལྷའི་མདུན་ཆང་ཞེས་དངུལ་སློང་སྲོལ་ཡོད་དོ།།
1.ངག་རྒྱུན།
དཔལ་ལྷའི་གསོལ་བའི་དུས་ཆེན་གྱི་ཐོག་མའི་བྱུང་རིམ་སྐོར་ལ། བོད་ཀྱི་དམངས་ཁྲོད་དུ་ཤོད་སྲོལ་ཞིག་ཡོད་པ་དེའི་སྐོར་ཞུས་ན། གཙུག་ལག་ཁང་གི་སྲུང་མ་ཆེན་མོ་དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་ཕྲུ་གུ་བུ་མོ་གསུམ་བྱུང་བ་ལས། ཆུང་བའི་མིང་ལ་དཔལ་ལྷ་ཤིག་མོ་ཞུ་བ་དང༌། དེ་ནི་དམག་ཟོར་རྒྱལ་མོས་ཁོང་གི་དབུ་ལ་ཤིག་མང་པ་ཡོད་ཅིང༌། བུ་མོ་ལ་ཐེངས་མང་པོ་བཏུ་རུ་བཅུག་ནའང༌། བུ་མོ་དེས་ཨ་མའི་ཁ་ལ་མ་ཉན་པར་དུས་རྟག་ཏུ་རྩེད་འཇོར་གཡེང་ནས་བསྡད་པ་རེད་ཟེར། དམག་ཟོར་རྒྱལ་མོ་ཁོང་ཁྲོ་ལངས་ཏེ་བུ་མོ་ཁོང་གི་གཟུགས་པོ་ཡོངས་རྫོགས་ལ་ཤིག་གིས་ཁྱབ་པར་ཤོག་ཅེས་སྨོན་ལམ་ལོག་པོར་བཏབས་པས་ཕྱིས་སུ་དཔལ་ལྷ་ཤིག་མོ་ཞེས་ལུས་ཡོངས་རྫོགས་ཤིག་གིས་གཡོག་ཡོད་པར་བཤད།
བུ་མོ་འབྲིང་བའི་མཚན་ལ་གདོང་བཙན་རྒྱལ་མོ་ཟེར་ཞིང༌། མོས་རྟག་ཏུ་ཨ་མར་ཁ་ལན་སློག་གི་ཡོད་སྟབས། ཨ་མས་མོ་རང་སློང་མོ་བ་ཞིག་ཏུ་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབས་པ་ལ་བརྟེན་ནས། མཐར་གཙུག་ལག་ཁང་གི་ལྷོ་་ངོས་ཀྱི་རྡོ་སྟེང་དུ་སློང་མོ་བའི་ཚུལ་གྱིས་བཞུགས་ནས་ཡོད་པ་ཞིག་དེང་སང་ཡང་མཇལ་རྒྱུ་ཡོད། དེ་ནི་ལམ་གྱི་མགྲོན་པོ་རྣམས་ཀྱིས་མཆོད་འབུལ་ཁོ་ནར་བརྟེན་ནས་བཞུགས་ཀྱི་ཡོད།
བུ་མོ་ཆེ་བའི་མིང་ལ་དཔལ་ལྷ་དྲག་མོ་ཟེར་བ་དེ་ནི། སྐྱེས་པ་གང་མང་ལ་འགྲོགས་སྟབས། ཨ་མ་དམག་ཟོར་རྒྱལ་མོས། མོ་རང་ལ་ཚེ་གང་བོར་ཁྱོ་ག་གཅིག་ཀྱང་མི་རེག་པར་ཤོག གལ་སྲིད་རེག་པའི་དབང་དུ་བཏང་ནའང༌། ཁྱོ་ག་དེ་དང་ལོ་གཅིག་ལ་དུས་གཅིག་ལས་ཐུག་འཕྲད་མི་ཡོང་བར་ཤོག་ཅེས་སྨོན་ལམ་བཏབས་པས། ཕྱིས་སུ་དཔལ་ལྷ་དྲག་མོར་ཁྱོ་ག་གཅིག་རང་བྱུང་བ་དེ་ནི་གཙུག་ལག་ཁང་གི་ཇོ་བོའི་སྐུ་སྲུང་སྟེ་ཆོས་སྐྱོང་རྫོང་བཙན་རེད།
དེ་ཡང༌། ཁོང་གཉིས་ལོ་གཅིག་ལ་ཐེངས་གཅིག་ལས་མཇལ་འཕྲད་གནང་ཐུབ་ཀྱི་མེད་དོན་ནི། དཔལ་ལྡན་དམག་ཟོར་རྒྱལ་མོས། ཆོས་སྐྱོང་རྫོང་བཙན་ནི་རང་གི་བུ་མོ་བློ་འབྲིད་མཁན་ཡིན་ཞེས་གཙུག་ལག་ཁང་ནས་ལྷ་སའི་སྐྱིད་ཆུའི་ཁ་གཏད་ལ་ཡོད་པའི་གྲིབ་ཚེ་མཆོག་གླིང་ལ་རྒྱང་ཕུད་དུ་བཏང་ཞིང༌། དུས་དེ་ནས་ཁོང་གཉིས་ལོ་གཅིག་ལ་ཐུག་འཕྲད་ཐེངས་གཅིག་ལས་གནང་ཐུབ་ཀྱི་མེད་ཅེས་ཤོད་སྲོལ་ཡོད། དེར་བརྟེན་ལོ་གཅིག་གི་ནང་དུ་དཔལ་ལྷ་དྲག་མོ་དང་གྲིབ་རྫོང་བཙན་གཉིས་ཕན་ཚུན་མཇལ་འཕྲད་ཀྱི་ཉིན་མོ་གཅིག་ཡོད་པ་དེ་ནི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ཡིན་པ་དང༌། ཁོང་གཉིས་ཞལ་མཇལ་བའི་ཆོ་ག་དེ་རིམ་གྱིས་གྲ་རྒྱས་སུ་ཆགས་ནས། དཔལ་ལྷའི་དུས་ཆེན་འདི་བྱུང་བ་ཡིན་པ་རེད་འདུག
དེ་ཡང་དཔེར་ན། དཔལ་ལྷ་དྲག་མོ་གཙུག་ལག་ཁང་གི་ཕྱི་ལ་གདན་འདྲེན་བྱེད་པའི་སྐབས་ལ་མཚོན་ན། ཚེས་བཅོ་ལྔ་ཉིན་གྱི་ཞོགས་པར་དགེ་འདུན་པ་ཚོས་དཔལ་ལྷ་མོའི་སྐུ་གསོབ་བར་སྐོར་ནང་གདན་ཞུའི་སྐབས་སུ། བར་སྐོར་གྱི་ཤར་ལྷོ་མཚམས་སུ་གདན་འདྲེན་ཞུས་ནས་དེར་བཞུགས་པའི་སྤུན་མཆེད་ཆུང་བ་གདོང་བཙན་རྒྱལ་མོ་དང༌མཇལ་འཕྲད་བྱེད་དུ་འཇུག་པ་དང༌། དེ་ནས་དཔལ་ལྷ་དྲག་མོའི་སྐུ་གསོབ་དེ་གྲིབ་ཚེ་མཆོག་གླིང་གི་ཕྱོགས་ལ་ཁ་ཕྱོགས་སུ་བཅུག་ནས་འཇོག་པ་དང༌། དེའི་སྐབས་སུ་གྲིབ་ཚེ་མཆོག་གླིང་གི་ཕྱོགས་ནས་ཀྱང་རྫོང་བཙན་ཆོས་སྐྱོང་གི་ཞལ་དེ་ཚུར་བྱང་ཕྱོགས་གཙུག་ལག་ཁང་གི་ཕྱོགས་སུ་ཞལ་ཚུར་སློག་ནས་འཇོག་སྲོལ་ཡོད་པ་རེད།
2.རོལ་སྟངས།
ལྷ་ས་གྲོང་ཁྱེར་དུ། ལྷ་སའི་དཔལ་ལྷའི་རི་ཁྲོད།། ཞོལ་པའི་དགའ་ལྡན་ལྔ་མཆོད།།ཅེས་བཤད་སྲོལ་ཡོད། དེའི་དོན་ནི། དཔལ་ལྷའི་རི་ཁྲོད་ཀྱི་ཉིན་དེར། ལྷ་སའི་གཡས་གཡོན་དུ་བཞུགས་མཁན་གྱི་གྲོང་མི་དང་སྤུན་མཆེད་རྣམས། ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་ཞུ་བ་དང་དཔལ་ལྷ་མོ་མཇལ་དུ་ཕེབས་ཀྱི་ཡོད་པ་དང༌། སྐབས་དེར་ལྷ་ས་བ་ཚོས་ཞོལ་བ་རྣམས་སྐུ་མགྲོན་དུ་ཞུས་ནས་གསོལ་ཚིགས་འདེགས་སྲོལ་ཡོད། དབུས་ཁུལ་དང༌། ལྷག་པར་དུ་ལྷ་སའི་གཡས་གཡོན་གྱི་བོད་མི་ཚོར་མཚོན་ན། དཔལ་ལྷའི་རི་ཁྲོད་དུས་ཆེན་འདི་ནི་བོད་དབུས་ཁུལ་གྱི་ཆེས་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་གྲས་ཤིག་ཡིན།
དེ་སྔའི་མཛད་སྒོའི་སྐོར་ནས་ཞུས་པ་ཡིན་ན། དཔལ་ལྷའི་རི་ཁྲོད་ཀྱི་དུས་ཆེན་ནི་བོད་ཟླ་བཅུ་པའི་ཚེས་བརྒྱད་དགུ་ཙམ་ནས་དུས་ཆེན་འདིའི་འགོ་ཚུགས་པ་དང་། དུས་ཆེན་འདིའི་དངོས་གཞི་ནི་ལོ་རེའི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ཡིན་ཞིང༌། ཉིན་དེར། ལྷ་ལྡན་གཙུག་ལག་ཁང་གི་གནས་སྲུང་དཔལ་ལྷ་དྲག་མོར་ལྷ་གསོལ་ཞུ་བའི་དུས་ཆེན་ཞིག་ཆགས་ཀྱི་ཡོད།
བོད་ཟླ་བཅུ་བའི་ཚེས་གཅིག་ནས་བཟུང་ལྷ་ས་གྲོང་ཁྱེར་དུ་རྣམ་ཀུན་གྱི་སློང་མོ་བ་འདྲ་མིན་ཁག་ཙམ་མ་ཟད། བྱིས་པ་དང་ལྷ་ཁང་ཁག་གི་དཀོན་གཉེར་སོགས་ནས་དཔལ་ལྷའི་མདུན་ཆང་ཞེས་དངུལ་སློང་སྲོལ་ཡོད། ཚེས་བརྒྱད་དགུ་ཙམ་ནས་གཙུག་ལག་ཁང་གི་དཔལ་ལྷ་ལྕོག་ལ་རྨེ་རུ་དགོན་པའི་ཚོགས་ཡོངས་ནས་གཏོར་སྒྲུབ་ཚུགས། དེ་སྔོན་གུང་ཐང་བླ་མ་ཞང་གི་གཏེར་བཞེས་དཔལ་ལྷ་དྲག་མོའི་ཞལ་འབག་གསོལ་བའི་སྐུ་གསོབ་དེ་ན་བཟའ་དང་རྒྱན་ཆ་གཟབ་པར་སྒྲོན་ཐོག་གཙུག་ལག་ཁང་གི་ཐོག་ཁར་དཔལ་ལྷ་ལྕོག་གི་སྒོ་འགྲམ་གྱི་ཀ་ཕིབས་འོག་ཏུ་གདན་དྲངས། ཞལ་ལྷོ་རུ་གཟིགས་ནས་བཞུགས་སུ་གསོལ་བའི་མདུན་དུ་མཆོད་སྤྲིན་བཤམས། ལྷ་ས་བ་ཚོས་བསང་གསོལ་གསེར་སྐྱེམས་འབུལ་བ་སོགས་བྱེད།
དཔལ་གསོལ་མ་ཞེས་དཔལ་ལྷའི་གསོལ་མཆོད་བྱེད་མཁན་མི་དྲག་ཁག་གཅིག་ལ་ཁྲལ་འཁྲིའི་རང་བཞིན་གྱིས་འཛུགས་དགོས་པའི་བུད་མེད་བཅུ་གྲངས་ཤིག་ཡོད་པ་དེ་ཚོས་ལྷ་སའི་བུད་མེད་ཀྱི་རྒྱན་གོས་གཟབ་ཤོས་བཀླུབས་ཏེ་དཔལ་ལྷ་ལྕོག་གི་སྒོ་འགྲམ་དུ་གྲལ་ལ་འཁོད་ནས་བསྡད། ཁོང་ཚོར་ཡང་དབུ་མཛད་ཅེས་ལོ་ན་རྒན་ལ་རྒྱུས་མངའ་ཆེ་བ་ཞིག་གིས་འགོ་འཛིན་བྱེད། ལྕོག་གི་སྦུག་ཏུ་རྨེ་རུ་དགོན་གྱི་དགེ་འདུན་པ་ཚོས་ཞལ་འདོན་གསུངས་སྐབས་དཔལ་གསོལ་མ་ཕལ་ཆེ་བས་ཀྱང་དཔལ་ལྷ་ཞི་དྲག་གི་བསྐང་བཤགས་བསྟོད་འཕྲིན་སོགས་མཉམ་འདོན་བྱེད།
ཚེས་བཅུ་བཞི་ཉིན་གྱི་ཐོ་རེངས་སྔ་ཆར་སྐུ་གསོ་བ་འདི་ཉིད་གཙུག་ལག་ཁང་གི་ཡང་སྟེང་ཁྱམས་འོག་ཏུ་གདན་དྲངས་ནས་ཁྲུས་གསོལ་དང་འབྲེལ་བའི་དཀོན་གཉེར་ནས་ཞལ་བསིལ་ཞུས་ཏེ་རྩེ་ཕྱག་ནས་ཞལ་གསེར་འབུལ་མི་རྩེ་ཕྱག་ནང་བགྲེས་པ་གཅིག་དང༌། གཏན་འཇགས་ཟུར་འཕྱོངས་ལྷ་བྲིས་པ་བཅས་ནས་སྒྲོན་འབུལ་ཞུས། རྩེ་འཕྲལ་སྡེ་ཕྱག་མཛོད་དང༌། བླ་ཕྱག་སོ་སོ་ནས་ཐུགས་སྨོན་སྙན་ཤལ་སྣ་ལྔ་སྒྲོན་འབུལ་ཞུས་ཐོག་གསེར་ཞིབ་སོགས་རིན་ཆེན་སྣ་ལྔ་ཞིབ་ཞིབ་དངོས་སུ་ཡོད་པའི་གསེར་སྐྱེམས་འབུལ་ལམ་ཞུས། བཀའ་ཤག་ལྷན་ཚུགས་གནང་མ་ཐག་ཏུ་བཀའ་བློན་ལྷན་རྒྱས་འཕྲིན་བཅོལ་ལ་ཕེབས། དེ་མཇུག་གཞུང་ཞབས་སེར་སྐྱ་ངོ་མ་རྣམས་དང༌། མི་མང་ཕོ་མོ་ཆེ་འབྲིང་ཆུང་གསུམ་མཐའ་དག་གཟབ་འཆོར་དང་ལྡན་པ་འཚངས་གཤིབས་ཀྱིས་ཡོང་སྟེ་འཕྲིན་སྐྱེམས་དང༌། སྙན་ཤལ་འབུལ། རྨེ་རུ་ཚོགས་ཡོངས་ནས་གཟབ་གསོལ་གྱི་ཆོ་ག་དང༌། ཚོགས་གཏོར་བཤམས་འབུལ་ཟིན་རྗེས་དངོས་གྲུབ་གཏོར་མ་ཞེས་གཙུག་ལག་ཁང་གི་དཀྱིལ་འཁོར་མཐིལ་གྱི་གནམ་ཡང་སྟེང་ནས་རྒྱ་ཕིབས་འོག་ཏུ་འཛོམས་པའི་མཇལ་དམངས་ཚོར་ཚོགས་གཏོར་སྟེར་བ་ཧབ་ཐོབ་ཀྱི་དངོས་གྲུབ་ཐོབ་པར་རྩི། དེའི་དགོང་མོ་དཔལ་ལྷ་དྲག་མོ་དེ་བཞིན་ཇོ་བོ་རིན་པོ་ཆེའི་མདུན་ཐད་པང་བཅལ་སྟེང་གདན་ཞུ་ཞུས་ཏེ་ཇོ་བོ་དང་ཞལ་སྤྲོད་ཀྱིས་ཞུགས་སུ་གསོལ།
3.བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན།
བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ཏེ་དཔལ་ལྷའི་དུས་ཆེན་དངོས་གཞིའི་མཛད་སྒོར་མཚོན་ན། ཉིན་དེའི་ཞོགས་པ་སྔ་པོ་ནས་ལྷ་ས་བའི་ཁྱིམ་འཛིན་མ་རྣམས་རྒྱན་གོས་གང་གཟབ་གྱོན་ཏེ་དཔལ་ལྷ་གསོལ་མཆོད་བྱེད། ཉི་དྲོད་ཙམ་དུ་དཔལ་ལྷ་སྦལ་གདོང་གི་སྐུ་གསོབ་དེ་ཇོ་ཁང་འོག་ཤོད་ཀྱི་ལྷ་ཁང་ལྷོ་མ་རྣམས་ཀྱི་མདུན་རྒྱུད་འཁྱམས་རའི་མཐིལ་དུ་གདན་དྲངས། ཕྱག་གཡས་པའི་ཕྱག་མཚན་བེ་ཅོན་བླངས་ནས་རལ་གྲི་མེ་རིས་ཅན་ཞིག་ཕུལ། བླ་བྲང་ཕྱག་མཛོད་ལས་ཁུངས་ནས་སྙན་དར་སྒྲོན། རྨེ་རུ་དགོན་གྱི་དགེ་འདུན་ཚོས་ན་བཟའ་གཟབ་བཞེས་ཐོག་འཕྱར་དར་དང༌། སྤོས་སྣེ་བའི་སྣེ་ཁྲིད་འོག་རྔ་རོལ་བ་ཚོས་རྩེ་ཞྭ་དང༌། སྒྲོ་ལུ་སྒྲོག་གདན་སྒར་བའི་ཟླ་གམ་བསྣབས། སྤོས་ཕོར་བ་ཚོས་རྩེ་ཞྭ་དང༌། གོས་ཆེན་གྱི་ཕྲག་ཁེབས་གྱོན། དངུལ་གྱི་སྤོས་ཕོར་ཐོགས་པ་སོགས་བྱས་ནས་གྲལ་བསྟར་སྒྲིག་པའི་རྗེས་སུ་དཔལ་ལྷའི་སྐུ་གསོབ་དེའི་ནང་སྐུ་བསྟེན་པ་ཞེས་རྨེ་རུའི་གྲྭ་པ་སྡོམ་ལྡན་བསྙེན་པ་སོང་བ་གཅིག་འཛུལ་ཏེ་གཡས་གཡོན་ནས་སྐུ་མདུན་པ་གྲྭ་པ་ཁ་ཤས་ཡོད་པ་ཚོས་སྐྱོར་ཏེ་ཇོ་ཁང་ནང་མའི་ལྷོ་ངོས་ནས་སེང་ལྡེང་སྒོ་མོ་དང་འཁྱམས་ར་བརྒྱུད་དེ་ལྷ་སའི་བར་སྐོར་དུ་ཕེབས་སྐབས་མི་མང་ཕོ་མོ་དང་བལ་འབྲུག་སོགས་ཚང་མས་སྙན་དར་ཕུལ། ལྷ་མོའི་སྐུ་རྒྱབ་ཏུ་རྨ་བྱའི་གདུགས་འཁྱེར་མཁན་གྲྭ་པ་ཕྲག་ཁེབས་གྱོན་པ་ཞིག་དང༌། ལྷ་མོའི་རྒྱབ་མདུན་གཉིས་སུ་གྲྭ་ཆུང་འཆམ་གོས་གྱོན་ཞིང་ཆུ་སྲིན་དང་སེང་གེའི་གདོང་འབག་གྱོན་པ་གཉིས། ཞྭ་ནག་གི་ཆས་གོས་གྱོན་པའི་གྲྭ་པ་རྔ་འཁྱེར་བ་བཞི་དང༌། རོལ་མོ་བ་གཅིག་སྐུ་འབུམ་ཐང་གི་ཁྲལ་པ་འགའ་ཞིག་གིས་རྒས་པོ་རྒྱལ་ཞེས་རས་དཀར་པོའི་ཕྱུ་པ་དང༌། ལྷམ་རྡོག་གཅིག་མ་གྱོན་པ། སྒལ་པར་དར་ཚོན་སྣ་ལྔའི་དར་འཕྱང༌། ལག་གཡས་པར་རྒྱུག་རིལ་ཁྲ་བོ་གཅིག་དང༌། གཡོན་དུ་ཕུབ་འཁྱེར། སྐྱེས་པ་རྒས་པོ་རྒྱ་བོ་འཛུམ་བསྙེར་དགོད་པ་རལ་པ་དཀར་པོ་ཐོར་ཅོག་ཅན་གྱི་གདོང་འབག་ཅིག་གྱོན་པའི་འཁོར་དུ་ཐོད་ཁོག་དཀར་རིལ་གཉིས་དང༌། ཨ་ཙ་ར་གཉིས་སོགས། དཔལ་གསོལ་མ་བཅས་གཙུག་ལག་ཁང་ནས་ཐོན་ཏེ་ཐོག་མར་ཀླུ་སྦུག(དེང་སང་མང་ཚོགས་སྒྱུ་རྩལ་ཁང་ཡོད་ས)ཏུ་གཏོར་ཟོར་འཕང༌། དེ་ནས་ཁྲོམ་གཟིགས་ཁང་གི་ཐང་སྡེར(དེང་སང་ཁྲོམ་གཟིགས་ཁང་གི་ཚོང་ར)བར་སྐོར་ཤར་གྱི་ལམ་དཀྱིལ་སྒེར་བཤད་སྒྲའི་ཁང་པའི་ལྷོ་ངོས་བཅས་སུ་གཏོར་ཟོར་རེ་འཕེན། དེ་ཉིན་ཀརྨ་ཤག་གི་ཆོས་རྗེར་ཆོས་སྐྱོང་བྱ་ཁྲི་བ་ཁོག་ཞུགས་ཀྱིས་ལྷ་མོའི་རྗེས་སུ་འབྲངས་ནས་དགའ་ལྡན་དར་སྨྱོན་གྱི་འགྲམ་ནས་ལྷ་མོར་གུས་བཏུད་དང་བཅས་ཕྱིར་ལོག་ལྷ་མོ་ཕེབས་སའི་ལམ་འཁེལ་དུ་ཡོད་པའི་སྐུ་དྲག་ཚོ་དང༌། མི་དྲག་ཁག་ཚོས་གསེར་སྐྱེམས་དང་སྙན་དར་སྒྲོན་འབུལ། ལམ་ཁའི་གཡས་གཡོན་ནས་མང་ཚོགས་ཚོས་མཇལ་ཁ་ཞུ་བ་དང༌། སྙན་དར་ཕུལ། ཕྱིར་འཁོར་མཚམས་འཁྱམས་རའི་ཀ་རིང་ལྷོ་ངོས་སུ་ལྷ་མོའི་གོས་ཐང་ཆེན་པོ་ཞིག་བཀྲམས་པའི་མདུན་མཆོད་པ་སྒྲིག་ཅིང་། ལྷ་མོའི་སྐུ་གསོབ་ཞལ་ཇོ་ཁང་དུ་ཕྱོགས་ནས་བཞུགས། དེ་གར་མངའ་གསོལ་གྱི་ཞལ་འདོན་གྲུབ་བསྟུན་སྐུ་གསོབ་ལྷ་ཁང་དུ་གདན་ཞུ་བྱེད། ལྷ་ས་བའི་བུ་མོ་སྤ་ཕྲུག་ཐོག་མར་གཡོག་མཁན་ཕལ་ཆེ་བས་དེ་ཉིན་ནས་དགུན་ཆས་པགས་ཚག་གྱོན། དེ་ནུབ་དགོང་ཟས་སུ་ཤ་འབྲས་བཟའ་བ་དང༌། པོ་ཏ་ལའི་ཞོལ་དུ་ཡོད་པའི་དགའ་ཉེ་ཚོར་ཡང་ཤ་འབྲས་སྐྱེལ་སྲོལ་ཡོད།