༄༅།། གྲོང་ཁྱེར་ན་རུལ་གྱིན་པའི་ང་ཚོ།

བྱ་གཞུང་སྐལ་ལོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-14


        ཚང་མ་འཇམ་ཅག་གེར། ཡང་ས་རུབ་སོང་།   གྲོང་ཁྱེར་འདིའི་ཕར་འགྲོ་ཚུར་འོང་གི་མི་དེ་དག་ངའི་ངོ་ཤེས་མིན།  ཡང་ངའི་ངོ་ཤེས་ཀྱང་ཡིན། གསལ་ལ་མི་གསལ་བའི་ངོ་གདོང་དེ་དག་ངའི་གྲོགས་པོ་མིན།  ཡང་ངའི་ཉེ་འགྲམ་ན་ཡོད།    ས་རུབ་རྗེས།  ཁོ་ཚོ་ངའི་གཡས་གཡོན་དང་མདུན་རྒྱབ་གང་རུང་ནས་གར་སོང་ཆ་མེད་དུ་ཡལ་འགྲོ།    སྐབས་དེར།  གྲོང་ཁྱེར་འདིའི་རྡོ་གཅལ་གྱི་གདན་སྟེང་ན་གཅེར་བུར་ལུས་འདུག་པའི་མི་དེ་ང་ཡིན།  ཁྱོད་ཡིན།    ང་ཚོ་ཡིན།   ཕ་ཡུལ་སྐྱོབ་མི་ཐུབ་པའི་སྙན་ཚིག་ཁྲི་སྟོང་འབྲི་བཞིན་པ་དེ་ཡང་ཁྱོད་ཡིན།  ང་ཡིན།    ང་ཚོ་ཚང་མ་ཡིན།
        ས་རུབ་རྗེས་གྲོང་ཁྱེར་འདིའི་མི་མང་པོ་ཞིག་རྒྱ་སྒོ་གཅིག་མ་གཏོགས་མེད་པའི་ཁང་ཁྱིམ་གྱི་ཚོགས་པ་ཞིག་གཟས་ནས་བུད་འགྲོ།  ཞིབ་ཏུ་བལྟ་དུས།  དེ་ན་ཕ་ཡུལ་གྱི་ཤ་ཉེ་མེད།  སྤུན་ཟླ་མེད།   བསང་ཁྲི་དང་མཆོད་སྒྲོམ་མེད།  མར་མེ་དང་ཁ་བཏོན།    ཐ་ན་དུས་ཡུན་སྐར་ཆ་འགའི་སེམས་ནང་གི་གསོལ་འདེབས་ཤིག་ཀྱང་ཡོད་རེ་སྐན།  དེ་འདྲ་ཞིག་ཡིན་པ་ཤེས་བཞིན་ཁྱེད་ཀྱིས་འདི་ལྟར་ས་རུབ་ཐེངས་རེར་རང་གི་ཆུང་མ་དང་བུ་ཕྲུག་རུམ་ནས་གཉིད་དགོས།  རྨི་ལམ་དུ་ལན་རེར་ཕ་ཡུལ་གྱི་ནམ་མཁའ་དང་ས་གཞི་རྨིས་འོང་།  ཡིན་ཡང་དེ་དག་ཚང་མ་ཁྱེད་ཀྱི་སྟོང་བསམ་ཡིན། འཁྲུལ་སྣང་ཡིན། 
        གྲོང་ཁྱེར་འདིར་གནས་བཅས་པའི་ཉིན་དེ་ནས་བཟུང་། ང་ཚོས་ཡུན་རིང་ཞིག་ལ་ནུབ་མཁའི་ཉི་མ་དང་མཚམས་སྤྲིན་ཡང་མཐོང་མ་ཐུབ།  དེར་མཉམ་འཇོག་ཀྱང་བྱས་མ་མྱོང་།   ད་དུང་ནམ་གསལ་དུས་ཀྱི་སྐྱ་རེངས་དང་ཞོགས་པའི་ཉི་རྩེ་ཟེར་བ་ཞིག་ཀྱང་ཡོད་མིན་མི་ཤེས།  ནམ་ལངས་ན་ཁྱེད་ལ་གནས་ཚང་གཏོང་མཁན་གྱི་ཁང་བ་ཡང་གཅིག་མ་གཏོགས་མེད། དེ་ནི་ལྕགས་སྒམ་གྲུ་བཞི་ལྟ་བུའི་གཞུང་ལས་ཁང་ཞེས་པ་དེ་ཡིན་ལ།   དེ་ན་ཁྱེད་ཀྱི་མི་ཚེ་ཟད་རོགས་སུ་བཟོས་པའི་ཅ་ལག་ཀྱང་གཉིས་ཡོད། གཅིག་ནི་མདུན་ཅོག་རུལ་བ་དེ་དང་ཅིག་ཤོས་ནི་གློག་ཀླད་ཟད་པོ་དེའོ།། 
        སྒོར་བུད་ཚེ་ཁྱེད་ལ་ད་དུང་ངེས་གཏན་གྱི་བགྲོད་ལམ་ཟེར་བ་ཞིག་ཀྱང་མེད།     ཁྱེད་ཀྱི་རྐང་རྗེས་མཐའ་དག་ཀྱང་ཕར་འགྲོ་ཚུར་འོང་གི་མི་ཚོས་བཅག་བཅག་ཉིལ་ཉིལ་བྱས་ཚར་།  སྣང་ཚུལ་དེར་ཁྱེད་ལ་གནས་སྐབས་ཀྱི་ཁོང་ཁྲོ་ལངས་སྲིད་མོད།  ཡིན་ཡང་ཁྱེད་ལ་འཁོན་ལན་སློག་པའི་སྤོབས་པ་དང་ལ་རྒྱ་ཞིག་ནམ་ཡང་རྒྱས་མ་མྱོང་།     སྐྲ་ལོ་བཅད་གཏུབ་བྱས་པའི་མི་དེ་ཚོ་དང་འདྲ་བར་ཁྱེད་ལའང་རང་རྟོགས་ཀྱི་གོམས་གཤིས་ཤིག་ཆགས་ཡོད།  དེ་ནི་ཉི་མ་རེ་རེའི་ཟས་ཐུན་དུས་ཚོད་ནང་བཞིན་ཆག་མེད་དུ་བཟའ་བ་དང་། ཁྱེད་རང་གྱོན་རྒྱུར་དགའ་བའི་དོར་ཐུང་དང་བསིལ་ལྷམ།  སྨད་གཡོགས་སོགས་ཀྱང་ཅུང་མ་འགོར་བར་ཁྱེད་ཀྱི་མ་འོངས་པའི་འཚོ་བ་རོལ་སྟངས་ཡིན།   དེ་དུས་ཁྱེད་ཀྱི་ལུས་ངག་ཡིད་གསུམ་ན་ཕ་ཡུལ་གྱི་ཐ་སྙད་དག་ཀྱང་སྙིགས་རོ་ཡིན། རྫབ་རྫོབས་ཡིན། 
        ས་ཞིང་དང་རྒྱུ་ནོར་ལག་མཐིལ་ཙམ་ཡང་མེད་ས་ནས། ཁྱེད་རང་གྲོང་ཁྱེར་འདིའི་སྔོ་ཚོད་དང་ཕག་ཤ། བག་ལེབ་སོགས་ཉོ་མཁན་ཡིན། ལན་རེར་ཕ་ཡུལ་གྱི་གོ་རེ་སྣུམ་བཙོས་དང་སྐམ་ཤ་ཉུང་ཙམ་རེ་རེག་ཐུབ་མོད། ཁྱེད་ཀྱི་སེམས་ལ་འཁོར་བའི་ཤ་ཞེན་དང་དྲིན་བཟོ་ཡི་འདུ་ཤེས་དེ་བྱེ་མའི་འཆིངས་བུ་དང་ཆུ་ཡི་རླངས་པ་ཡིན།    ཐ་ན་ཕ་ཡུལ་གྱི་རི་ཆུ་དང་། ཡངས་པའི་སྤང་ཐང་།  རྟ་ནོར་ལུག་གསུམ།  རྣང་ཞིང་སྣུམ་པོ།  སིལ་སྡོང་གི་མེ་ཏོག་དང་ཡལ་ག  ཤིང་འབྲས་སོགས་འདི་འདྲའི་མཛེས་ཤིང་སྡུག་པའི་སྐྱེ་དངོས་དང་ཡིད་དུ་འོང་བའི་སེམས་ཅན་དག་གིས་ཀྱང་ཁྱེད་ཀྱི་སེམས་པའི་ནང་རོལ་བརྟོལ་མ་ཐུབ། དེ་དུས་ཁྱེད་རང་ཕ་ཡུལ་ན་ལྕགས་ཁེམ་དང་འུར་ཆ་ཐོགས་པའི་ཡུལ་མི་ཚོའི་ཞབས་འདྲེན་དང་སྡང་སྡིགས་སྟོན་ཡུལ་ཡིན། 
        ཁྱེད་ཀྱི་འཚོ་བ་ན་ཕ་ཡུལ་གྱི་ངོ་མཚར་བའི་བྱིས་སྒྲུང་དང་གཏམ་དཔེ།  གབ་ཚིག་དང་ཁེད།  ལྷ་སྒྲུང་དང་ངག་རྒྱུན་མེད་ལ།   སྤྲེའུ་སྲིན་འདུས་པ་ལས་བྱུང་བའི་ལོ་རྒྱུས་ཀྱི་བསྟན་དོན་སོགས་ཀྱང་ཁྱེད་ཀྱི་སེམས་རྒྱུད་ནས་རིམ་གྱིས་བག་ལ་ཞ་བར་འགྱུར།    ཁྱེད་ཀྱིས་ཐ་ན་ཕ་ཡུལ་གྱི་གླུ་སྐད་གཙང་མ་ཞིག་ཀྱང་ངག་ལ་གྱེར་མ་མྱོང་།  ཕ་ཡུལ་གྱི་ཞབས་བྲོ་རྣལ་མ་ཞིག་ཀྱང་སྟངས་སྟབས་སུ་བསྒྱུར་མ་ཐུབ།  ང་ལ་འདྲི་གཞི་ཞིག་ཡོད་པ་ནི་འབར་རྡེའུ་དང་ཐེ་གེ་སོགས་ཕ་ཡུལ་གྱི་རྩེད་ཆས་གང་ཡང་མེད་པའི་གནས་དེ་རུ་མི་ལོ་ག་ཚོད་འགོར་ན་ད་གཟོད་ཁྱེད་ཀྱིས་ཕ་ཡུལ་ལ་ཚན་རྩལ་དང་དཔལ་འབྱོར་གྱི་སྟོབས་ཤུགས་བསྩལ་འོང་། 
        ཁྱེད་ཀྱིས་རང་ཉིད་ཀྱི་མི་ཚེ་ཧྲིལ་བོའི་ནང་ཕ་མ་དང་། དགེ་རྒན། གཉེན་ཉེ། གྲོགས་པོ་རྣམས་ལ་གསོལ་སྟོན་ཐེངས་གཅིག་ལས་བཤམས་ཐུབ་ཀྱིན་མེད།  དེ་ཡང་རང་ཁོ་ནར་དབང་བའི་གཉེན་སྟོན་གྱི་མཛད་སྒོ་ཞེས་པ་ཡིན།  མདོ་འཛིན་པ་དང་སྐུ་མགྲོན་ཚོས་ཁྱེད་ལ་ཁ་བཏགས་སྒྲོན་སྐབས་ཀྱི་ཉིན་གཅིག་གི་ཕ་སྐད་དེ་མ་གཏོགས།  དེའི་རྗེས་སུ་ཁྱེད་ཚང་གི་ར་སྐོར་དང་།   ཁྱིམ་མཚེས་གཡས་གཡོན། རང་གི་ནང་འཁོར་སོགས་གང་ཡིན་ཡང་བཀྲ་ཤིས་བདེ་ལེགས་ཞེས་པའི་ཁ་གཡང་དྲོན་མོ་དེ་ཡིག་རིགས་གཞན་ཞིག་གི་མི་གཙང་བའི་དྲི་མས་སྦགས་ཚར་ལ།  དུས་དེ་ནས་བཟུང་།  ཁྱེད་ཀྱི་བུ་ཕྲུག་དང་།  བུ་ཕྲུག་གི་བུ་ཕྲུག   དེ་དག་གི་འགྲོ་འདུག་སྤྱོད་གསུམ་ཚང་མ་ཡང་ཁྱེད་ཀྱི་བྱས་འབྲས་སུ་སྨིན་པའི་སྡུག་བསྔལ་དང་འགྱོད་གདུང་གི་ཚེར་མར་གྱུར་ནས་ཁྱེད་ཀྱི་ལུས་སེམས་ལ་ཡང་ཡང་གཙེས་ངེས། 
        ད་དུང་ཁྱེད་ལ་ཁྲེ་ཙེས་ཚད་པའི་ཁང་མིག་གྲུ་བཞི་ཞིག་ཀྱང་ཡོད།  དེ་ཡང་ཁྱེད་ཀྱི་མི་ལོ་བཅུ་གྲངས་ཤིག་གི་གསོག་དངུལ་དང་དཔྱ་ཁྲལ་འབུལ་ས་ཡིན།  ཁྱེད་ལ་གནང་སྦྱིན་དུ་བསྩལ་བའི་གླ་ཕོགས་ཀྱི་བྱང་བུ་དེ་ཡང་ཁྱེད་ཀྱི་མི་ཚེ་འདིའི་འཁར་བ་དང་ལག་རྟེན་ཡིན།  རྒས་པའི་གོ་རིམ་ནས་མཐའ་མའི་འཆི་རག་བར་དུ།    བྱང་བུ་དེ་ཁྱེད་ཀྱི་ལུས་ལ་བསྒོས་པའི་བླ་སྲོག་དང་སྲུང་འཁོར་བཞིན་གཏན་ནས་འབྲལ་ཐུབ་མེད་ཅིང་།  ཁྱེད་ཀྱི་བདེ་སྐྱིད་དང་སྡུག་བསྔལ་མང་པོ་ཞིག་ཀྱང་བྱང་བུ་དེའི་མ་རྩ་དང་བཟང་ངན་ལ་བརྟེན་ནས་འབྱུང་གིན་ཡོད།  
        ཆང་དང་ཐ་མག་གི་སྦངས་རོགས་སུ་གྱུར་བའི་གྲོགས་པོ་དེ་དག་ལ་ཁྱེད་ཀྱིས་བློ་གཏད་དང་ཡིད་ཆེས་ཀྱི་ས་བོན་བརྒྱ་བཏབ་ཀྱང་།  མཛའ་མཐུན་དང་རོགས་རམ་དུ་འགྱུར་སྲིད་པའི་གྲོགས་པོ་ཟེར་ཡ་དེ་ཉུང་སྟངས་ཡིན།  ལན་རེར།  རྒྱུ་འབྲས་གོ་ཟློག་གི་ཚུལ་དུ།  གྲོགས་པོ་ནི་ལ་ལ་ཞིག་ཁྱེད་རང་གཡོ་འཚོང་དང་དམོད་པ་བོར་མཁན་གྱི་དགྲ་ཟླ་རྐྱང་རྐྱང་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད།   ཁོ་ཚོ་ཡང་ཕ་ཡུལ་ནས་གྲོང་ཁྱེར་དུ་བྲོས་བྱོལ་ལ་འོང་བའི་ཉེས་ཅན་དང་བསླུ་བྲིད་གཏོང་མཁན་ཡིན།   སྐབས་དེར་ཁྱེད་རང་རྒྱང་དུ་བཀྱེད་དགོས།   ཁོ་ཚོ་ཐལ་བ་བཞིན་འོབས་དོང་དུ་བསྐྱུགས་དགོས།  དེ་ལྟར་བྱས་ན་ད་གཟོད་ཁྱེད་རང་མུན་འཐོམས་ཀྱི་ཉེན་ཁ་ལས་ཐར་ཐུབ།  
        མི་ཚོགས་ཀྱི་རྦ་རླབས་འཕྱུར་བའི་གྲོང་ཁྱེར་ནས་ཁྱེད་ཀྱིས་ཕ་ཡུལ་ལ་སེམས་འཕྲིན་དང་སྙིང་གཏམ་མང་པོ་ཞིག་ཅིས་ཀྱང་བསྐུར་ངེས་ཡིན་ལ་འབྲི་ཡང་སྲིད།  ཡིན་ཡང་།  དུས་རབས་ཀྱི་བརྡབ་ཟིག་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་ཀློང་ནས།  ཁྱེད་ཀྱིས་རང་གི་ཁེར་ཚུགས་དང་རང་གཤིས་བརྟན་པོ་དེ་བསྲུང་མ་ཐུབ་པར་མི་ཚོགས་ཀྱི་གསེང་དུ་འཐིམས་ཚེ།  ཁྱེད་ཀྱིས་ཕ་ཡུལ་བཅངས་པའི་བརྩེ་སེམས་དང་སེམས་ཁྲལ་གྱི་རྒྱུན་ཐག་ཕྲ་མོ་དེ་ཡང་རང་ཤུགས་ཀྱིས་ཆད་འགྲོ་ལ།  དེ་དུས་ཕ་ཡུལ་དང་གྲོང་ཁྱེར་དབར་དགོས་ངེས་སུ་གྱུར་བའི་སྦྲེལ་ཟམ་ཐོག་མ་དེ་ཡང་ཁྱེད་རང་ནས་མགོ་བརྩམས་ཏེ་འཇིག་འགྲོ་ངེས།   
        ཁང་བརྩེགས་ཀྱི་བང་རིམ་ཉིན་རེར་ཇེ་མཐོར་བརྩིགས་བཞིན་འདུག   ཁྱེད་རང་དེ་ལས་ལྡོག་སྟེ་འབུ་སྦྲང་ཞིག་དང་འདྲ་བར་ཇེ་ཆུང་ནས་ཇེ་ཆུང་ཡིན།   ཁྱེད་ཀྱིས་འཁང་ར་དང་མ་དགའ་བའི་ཉམས་ཀྱིས་བར་སྣང་དམའ་མོ་ཞིག་ལ་ལྡིང་སྐོར་རེར་བྱེད་མོད།  ཚར་དུ་དངར་བའི་དེང་རབས་ཀྱི་བཟོ་བཀོད་ནི་ཁྱེད་ཀྱི་གཉོམ་ལག་མ་ཚོས་པའི་ནམ་འཕང་གིས་གཅོད་ཐུབ་པ་ཞིག་གང་ནས་ཡིན།  ཁྱེད་ནི་གཤོག་ཐོགས་ཀྱི་མིང་ཙམ་སྤྲད་པའི་འབུ་སྦྲང་ཞིག་སྟེ།  དོན་དངོས་སུ་རླུང་དང་བསེར་བུ་ཙམ་གྱིས་ཀྱང་ཁྱེད་རང་ཕྱོགས་མཚམས་ངེས་མེད་དུ་སྤུར་ཐུབ། 
        ནངས་དགོང་གི་དུས་ཚོད་མཐའ་དག་འཆོར་སྒེག་དང་མཛེས་སྤྲས་ལ་བྲེལ་བའི་ཁོ་མོ་ཚོ་ཡང་དེ་སྔོན་ཕ་ཡུལ་གྱི་མགོ་དཀྲིས་དམར་པོ་ཡིན།  སློབ་ཆེན་གྱི་སྒོ་ཐེམ་རིག་པས་འབྱེད་མཁན་ཡིན།  གཞུང་རྒྱུད་དྲང་མོ་མདའ་ཡི་ཚད་ཐིག་ཏུ་བཟུང་ཡོད།   གནས་ཡུལ་རང་དབང་དང་ཁྱོ་ག་རང་འཚོལ་བྱས་ཆོག་པའི་ཕ་མ་དང་དགེ་རྒན་ཚོའི་སེམས་ཀྱི་མེ་ཏོག་དང་སྙིང་གི་གཅེས་ཕྲུག་ཀྱང་ཡིན།   ད་ནི་ཕ་ཡུལ་གྱི་གོས་ཚར་བསྐྱུར་ནས་གྲོང་ཁྱེར་འདིའི་ལྭ་བ་གྱོན་སྟངས་བསླབ་མཁན་ཡིན།   ད་ནི་ཕྱུག་པོ་དང་དཔོན་པོར་འཕྲད་དུས་ངོ་དགའ་དང་སྤྲེལ་ལད་བྱེད་མཁན་ཡིན།   དེ་དག་ཀྱང་ཁྱེད་ཀྱི་ཕ་ཡུལ་ན་ཆེས་དྭངས་གཙང་གིས་འཚོ་བའི་ཤ་ཉེ་རྣམས་ལ་བསྒོ་སྲིད་པའི་ཚབས་ཆེན་གྱི་ནད་ཡམས་དང་བཙོག་གྲིབ་ཡིན།  དེ་ཡང་ཁྱེད་རང་ནས་བཟུང་ཏེ་ཕ་མེས་ཚོའི་གཤིས་བཟང་དང་གོམས་སྲོལ་ལ་བརྩི་འཇོག་གནང་བར་ཀྱེ་ཞེས་ངས་ཁྱེད་ལ་ཞུ་བ་ཐེངས་ཤིག་བྱེད། 
        གྲོང་ཁྱེར་དུ་ཁྱིམ་གཞི་གསར་བ་ཞིག་བཙུགས་ཉིན་ནས།    ཁྱེད་ཀྱིས་རང་གི་དྲིན་ཆེན་གྱི་མ་ལོར་འོ་ཇ་ཁམ་གང་དྲངས་ནས་ལས་དང་བསོད་ནམས་ཀྱི་ཚོགས་བསག་མ་ཐུབ་ལ།  ཕ་ཡུལ་གྱི་གཉེན་ཚན་དག་ལའང་ཁ་པར་གྱི་གཏོང་མཚམས་བཞག་ཡོད།  ད་དུང་ཨ་ཁུ་ཨ་ནེ་རྣམས་འདས་གྲོངས་སུ་ཕྱིན་པའི་དུས་ཚོད་དང་སྐར་མའང་ཤེས་ཐུབ་བྲལ་ལ།   ཕ་ཡུལ་ན་ཁྱེད་རང་གླེང་གིན་པའི་ཚ་བོ་དང་ཚ་མོ་སུ་སུ་ཡོད་པའི་རིགས་རུས་ཀྱི་འདང་བརྩེ་ཡང་གཞི་ནས་ཉམས་ཚར་བ་ཡིན།   
        ཉིན་ཞིག  ཁྱེད་ཀྱིས་ཕ་ཡུལ་གྱི་གནམ་སྔོན་པོ་སྔོན་པོ་དེ་དང་།  ཆུ་དྭངས་མོ་དྭངས་མོ་དེ།  སྤང་ཡངས་མོ་ཡངས་མོ་དེ་དྲན་འོངས། དེ་དུས་ཁྱེད་ཀྱིས་རང་ཉིད་ཀྱི་སྐྱེས་ཁུངས་ངོ་མ་དེ་ཡང་ཡུན་གྱིས་དྲན་གསོས་འོང་།  དེ་བས་གྲོང་ཁྱེར་ནས་ཕྱིར་ཕ་ཡུལ་དུ་ལོག་དགོས་སྙམ།  འོན་ཀྱང་ཡོད་ཚད་འཕྱི་དྲགས་སོང་།  སྐབས་དེར་སྟོད་ཀྱི་ཁ་བ་དང་ཆབ་རོམ་ཞུས་ཚར་ལ་སྨད་ཀྱི་མཚོ་མོའང་སྐམ་ཐག་ཆད་ཟིན།  ཁྱེད་ཀྱི་མཐོང་ལམ་དུ་མངོན་པའི་སྐྱོ་གར་ནི་རྩྭ་ཐང་ན་བྱེ་རྡུལ་འཚུབ་ཅིང་རི་བྲག་ལ་འགས་གཏོར་ཐེབས་ཏེ། སྦྲ་ནག་དང་ཁང་སྐྱ་ལེབ་ཚང་མ་ཡང་སྔ་མོ་ནས་དུར་སྦས་བྱས་ཚར།   སྣང་ཚུལ་ཡ་ང་བ་དེ་མཐོང་ཚེ་ཁྱེད་ཀྱི་མིད་པ་འགག་ནས་ངག་གི་སྐད་ཆ་མི་འཁྲོལ་བའི་དུས་ཤིག་ཀྱང་སླེབས་འོང་།   
        ཁྱེད་ལའང་རྒས་པའི་མཐའ་མ་ཞིག་ཡོད། དེ་ནི་འཆི་བདག་གི་ཞགས་པ་རྐེ་ལ་བསྐོན་ནས་གྲོང་ཁྱེར་གྱི་འཇིག་རྟེན་ནས་གཏན་བྲལ་བྱེད་རྒྱུ་དེ་ཡིན།  འདོད་རྔམ་ཆེ་དྲགས་པས།  ཁ་ཆེམས་ཀྱི་ནང་དོན་གཙོ་བོའང་ང་རང་འཆི་མི་ཉན་ཞེས་པའི་ཐབས་རྡུག་གི་སྐད་ཆ་དེ་ཡིན། ཁྱེད་རང་མ་གཞི་ནས་ཤ་ཁྲག་གིས་གྲུབ་པའི་ཕུང་གཟུགས་ཤིག་ཡིན་པ་ལས་རྣོ་ལྕགས་ཀྱིས་བརྡུངས་པ་ཞིག་ག་ལ་ཡིན།  དབུགས་ཀྱི་རྒྱུ་བ་ལྷམ་ལྷེམ་ངང་འགག་རྗེས།  ཁྱེད་ལ་མྱ་ངན་དང་ངུ་འབོད་གཏོང་མཁན་མེད།  མ་ཎི་དང་རིམ་གྲོ།  ཚ་གསུར་དང་སྟོང་མཆོད།  མར་མེ་དང་མཆོད་པ་སོགས་  མདོར་ན་ཁྱེད་ལ་དགེ་སྒྲུབ་ཀྱི་ཆོ་ག་གཅིག་ཀྱང་མེད་པར་ལམ་ལ་ཆས་དགོས། 
        དེ་བས།  རུལ་མི་ཉན།  ང་ཚོ་གྲོང་ཁྱེར་ནས་གཏན་ནས་རུལ་མི་རུང་།   ལེ་ལོ་དང་སྒྱིད་ལུག  ང་རྒྱལ་དང་ཕྲག་དོག་སྤང་རོགས།  ལེ་བདའ་དང་འཁང་།  ད་དུང་སྒྲོ་འདོགས་དང་སྐུར་འདེབས་སོགས་ཀྱི་ཐ་སྙད་རྣམས་ཀྱང་རང་སོར་ཞི་བར་ཤོག   ཤ་ཁྲག་གི་ངོ་བོ་དབྱེར་མེད་དུ་འདྲེས་པའི་ང་ཡི་སྤུན་ཟླ།   མཆོད་སྒྲོམ་དུ་ཉར་བའི་ཕ་མེས་སྐྱེས་ཆེན་དག་གི་བསྟན་བཅོས་ལའང་ལག་པས་ཐེངས་གཅིག་བྱིལ་བྱིལ་གནོངས་དང་།  བཀླག་མ་མྱོང་བའི་དེང་རབས་ཀྱི་དཔེ་དེབ་བརྒྱ་ཚར་དག་ཀྱང་ང་ཚོར་བསོད་ནམས་ཀྱི་བགོས་སྐལ་དུ་བསྩལ་ཡོད་པས། ང་ཚོས་རང་སེམས་རྣལ་དུ་ཕབ་ནས་ཐེངས་ཤིག་ཀློག་རན་འདུག་ཨང་། 
          ༢༠༡༦ལོའི་ཟླ༨པའི་ཚེས༢༥ལ།
           གནའ་མཁར་ཟི་ལིང་ནས།  
(གསལ་བཤད། རྩོམ་ཡིག་འདི་ཁྲོམ་ཆེན་པོ་ཞེས་པའི་འཕྲིན་སྟེགས་ལས་བཤུས་པ་ཡིན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1