དེ་ཡང་ཆོས་རྒྱལ་ས་པཎ་གྱིས། རིག་པ་ནང་པར་འཆི་ཡང་བསླབ།། ཅེས་གསུངས་པའི་དོན་གནད་འབབ་ས་ནི་མི་ཞིག་གི་མི་ཚེ་རྒྱུད་རིམ་ཁྲོད་དུ་ཆེས་གལ་ཆེ་བ་ནི་སློབ་གསོ་ལ་རག་ལས་པ་བསྟན་པ་རེད། སློབ་གསོའི་ནུས་པ་ལ་ཚད་བཟུང་མེད་པའི་སྟབས་ཀྱིས། སྤྱི་ཚོགས་ཀྱི་གཅིག་ཤེས་ཀུན་གྲོལ་གྱི་འཇོན་མི་སྐྱེད་བསྲིང་བྱས་མ་ཐུབ་པ་དང་། སློབ་གསོའི་ནུས་པར་ཞན་ཆ་ཤོར་བའི་དབང་གིས། སྤྱི་ཚོགས་ཀྱི་སྟེང་དུ་ཤེས་བྱས་དབུལ་པའི་མི་གང་སར་ཐོན་ཡོད་པ་རེད། མི་སུ་ཡིན་རུང་རང་ཉིད་ནས་མགོ་བརྩམས་ཏེ་སྤྱི་ཚོགས་ཀྱི་སྟེང་དུ་འཇོན་ཡོན་གཉིས་ལྡན་གྱི་གསེར་ལྟ་བུའི་མི་ཞིག་ཏུ་འགྱུར་བར་མི་བརྩོན་པ་ག་ལ་སྲིད། མ་གཞི་འདི་ལྟ་བུའི་ཕུན་སུམ་ཚོགས་ཤིང་ཤེས་ཡོན་འདི་ལྟ་བུའི་གཞན་དྲིང་མི་འཇོག་པ་ཞིག་ཏུ་གྱུར་པ་ལ་ང་ཚོས་ཐོག་མར་སློབ་གསོའི་དུས་ཚོད་དམ་འཛིན་བྱ་དགོས་པ་རེད། དེའི་ཕྱིར་ང་ཚོའི་སློབ་གསོའི་དུས་ཚོད་ལ་དབྱེ་བ་ཆེ་ཙམ་འབྱེད་ན་གསུམ་དུ་འདུ་སྟེ། བྱིས་པའི་དུས་ཀྱི་སློབ་གསོ། དར་མའི་དུས་ཀྱི་སློབ་གསོ། རྒན་པའི་དུས་ཀྱི་སློབ་གསོ་བཅས་རེད། སློབ་གསོའི་དུས་ཚོད་འདི་གསུམ་ལས་ཀྱང་གལ་ཆེ་བ་ནི་བྱིས་པའི་དུས་ཀྱི་སློབ་གསོ་ཡིན་པ་ང་ཚོས་ཐོག་མར་གལ་ཆེ་བའི་ཚུལ་དུ་ཤེས་དགོས། མི་རྒན་གཞོན་སུ་ཡིན་རུང་རང་རང་གི་ད་ལྟའི་ལུས་ངག་གི་སྤྱོད་པ། བསམ་པའི་འཁྱེར་སོ། ངག་གི་སྨྲ་བ་ཡོད་ཚད་བྱིས་པའི་དུས་ཀྱི་སློབ་གསོ་ལ་མ་ཐུག་པ་གཅིག་ཀྱང་མི་འདུག་པའི་གནད་ཀ་འདི་རྟོགས་ཚེ། བྱིས་པའི་རྒྱུད་ནི་རྨོ་ཆོག་ཆོག་གི་ཞིང་ས་གཤིན་པོ་ཞིག་དང་། བྱིས་པ་ཡིན་པའི་དུས་ཚོད་ནི་སོན་འདེབས་དུས་ཀྱི་དཔྱིད་ཀ་བཟང་པོ་ཞིག་ཡིན་པ་ང་ཚོས་མ་རྟོགས་རང་རྟོགས་སུ་འགྱུར་ངེས་ཡིན། ད་ལྟ་སློབ་གསོ་འཛམ་གླིང་ལ་ཁ་ཕྱོགས་པ་དང་། སྤྱི་ཚོགས་ཚན་རིག་ལ་ཁ་ཕྱོགས་པའི་དུས་རབས་ཉེར་གཅིག་པའི་ནང་ལ། ང་ཚོ་དགེ་རྒན་ཞིག་དང་ཕ་མ་ཞིག་ཡིན་པའི་ཆ་ནས་རང་གི་བྱིས་པའི་དུས་ཀྱི་སློབ་གསོ་གསོན་ཤུགས་ཅན་དུ་ངེས་པར་བསྒྱུར་དགོས།
གཞི་རིམ་གྱི་ཁྱིམ་བདག་གི་བྱིས་དུས་སློབ་གསོ་ལ་གཙིགས་ཆེན་མི་བྱེད་པ། ཁྱིམ་བདག་རྣམ་པར་མཚོན་ན་རང་གི་པང་ན་ཡོད་པའི་བྱིས་པ་དེ་དག་ལྟོ་གོས་ཁོ་ན་སྟེར་སའི་ཡུལ་ཙམ་དུ་མ་སེམས་པར། བྱིས་པ་ནི་རང་ཁྱིམ་ཚང་ནས་འགོ་བརྩམས་ཏེ་མ་འོངས་པའི་བདག་པོ་དང་། མི་རིགས་ཀྱི་རྐང་འཛིན་ཡིན་པས། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་དང་ཁྱིམ་ཚང་ནི་འཇིག་རྟེན་སྟེང་གི་སློབ་གྲྭ་ཐོག་མ་ཡིན་པས། བྱིས་པ་དེའི་མི་ཚེ་ལེགས་ཉེས་སློབ་གསོ་ལ་ཐུག་ཡོད་པ་དང་། སློབ་གསོ་དེའི་འགན་ཁུར་རང་ཉིད་ལ་ཐུག་འདུག་པས་རང་ཉིད་ཀྱིས་བྱིས་པའི་གསེར་ལྟ་བུའི་དུས་ཚོད་འདོར་ག་ལ་རུང་སྙམ་པའི་ཆོད་སེམས་ཤིག་ངེས་པར་བཅངས་དགོས། ནམ་རྒྱུན་བྱིས་པ་ཚོས་འབུ་གསོད་པ་དང་ཆུ་རྙོག་པ་སོགས་མ་རབས་ཀྱི་ལས་ལ་འཇུག་དུས། གཅར་རྡུང་བྱེད་པ་ལས་ཡ་རབས་ཀུན་སྤྱོད་ཀྱི་སློབ་གསོ་བྱིས་པའི་སྤྲོ་སྣང་དང་མཐུན་པར་ཚིག་འཇམ་པོས་བཤད་ན། བྱིས་པ་ནི་ཕ་མའི་ངོ་གདོང་རྐྱང་པར་ལྟ་མཁན་ཡིན་པས། ཕ་མས་བག་ཆགས་ག་འདྲ་བསྒོས་ན་དེ་ལྟར་འགོ་འགྲོ་བ་ཆོས་ཉིད་དུ་གྲུབ་འདུག ཁྱེད་ཕ་མ་རྣམས་ཀྱིས་ཐུགས་སེམས་ལེགས་པར་བཞེས་དང་ཕ་ཕྱུག་རྫི་ཞིག་གིས་སྐྱེད་བསྲིང་བྱས་ན་ད་ལྟའི་དུས་སུ་ཕ་མའི་འགན་ཁུར་འགྲུབ་སོང་བ་ཡིན་ནམ།
ད་ལྟའི་ཆར་ཁྱིམ་བདག་གིས་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་སྤྱད་དེ་རང་གི་བྱིས་པར་སློབ་གསོ་གཏོང་བཞིན་ཡོད་ནའང་། ཁྱིམ་བདག་ལ་ལའི་རིན་ཐང་ལྟ་ཚུལ་མ་གཞི་ནས་ནོར་འཁྲུལ་དང་ཕུགས་ཐུང་ཅན་དུ་སྣང་བས། བྱིས་པ་ལོག་ལམ་དུ་ཁྲིད་པའི་ཉེན་ཁ་འདུག་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བསྐྱེད་པའི་རིན་ཐང་ལྟ་ཚུལ་མ་དོར་བར་བྱིས་པའི་ལོ་ན་དང་མཐུན་པའི་སློབ་གསོ་སྤེལ་ན་བྱིས་པའི་འཚར་ལོངས་ལ་ཕན་ངེས།
གཞན་སློབ་གསོའི་འོས་འགན་ནི་མི་གཞི་བཟང་པོ་ཞིག་དང་བསམ་བློ་གཏོང་བར་མཁས་པ། རང་རྟོག་གི་འདུ་ཤེས་སོགས་སྣ་འཛོམས་རང་བཞིན་ལྡན་པའི་སློབ་མ་སྐྱེད་སྲིང་བྱེད་པ་གལ་ཆེན་དུ་འཛིན་པས་ན་ང་ཚོས་ཆུང་བྱིས་པའི་དུས་ནས་སློབ་གསོའི་གཞི་རྩའི་དམིགས་ཡུལ་དང་མཐུན་པའི་སྒོ་ནས་བྱིས་པར་སློབ་གསོ་མྱོང་དུ་བཅུག་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་ཡིན་པ་རྟོགས་དགོས་ལ། སྤྱི་ཚོགས་དང་ཁྱིམ་ཚང་། སློབ་གྲྭ་བཅས་ནས་བྱིས་པའི་འཚར་ལོངས་ལ་ཕན་པའི་སློབ་གསོའི་ཁོར་ཡུག་ཅིག་དང་དེ་མཐུན་གྱི་ཆེད་ལས་དགེ་རྒན་གསོ་སྦྱོང་བྱ་རྒྱུར་ཡང་དང་འདོད་བྱ་དགོས། །
2016ལོའི་《ཁ་བཏགས་དཀར་པོ།》དེབ་6པ་ལས་བཤུས།