༄༅།།བདེ་ཆེན་བོད་ཀྱི་རིག་གནས།
ཚེ་དོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-20
བདེ་ཆེན་གྱི་བོད་རིགས་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོ་རུ་འཚོ་སྡོད་བྱས་ཡོད་པ་དང་། མཚན་སྙན་གྱི་བ་དན་ཕྱོགས་བཞིར་ཁྱབ་པའི་སེམས་ཀྱི་ཉི་ཟླ་ནི་གནས་འདིར་ཆགས་ཡོད་པ་རེད། འདི་ན་རི་མོ་བཞིན་སྣང་བའི་ཡུལ་ལྗོངས་མང་པོ་ཡོད་དེ། གནས་མཆོག་ཁ་བ་དཀར་པོ་དང་། རྡོ་མཁར་རྫོང་། པོ་ཏ་མཚོ་སོགས་ཡོད་ལ། སྔོ་བསངས་ཀྱི་ཨ་སྔོན་དང་སྔོ་ལྗང་གི་རྩྭ་ཐང་། དྭངས་གཙང་གི་ཆུ་ཕྲན། གཡང་དཀར་ལུག་ཁྱུ། ས་འདིའི་མི་རིགས་རིག་གནས་སོགས་ལྷ་ཡུལ་གྱི་ཞིང་བཀོད་བཞིན་སྐྱེ་འགྲོ་ཀུན་གྱི་ཡིད་དབང་འཕྲོག་པ་རེད།
1.སྐད་བརྡ།
སྐད་བརྡ་རིག་པ་གཞིར་བཟུང་ནས་བཤད་ན། བདེ་ཆེན་གྱི་བོད་སྐད་ནི་བོད་ཁུལ་གྱི་ཡུལ་སྐད་ཆེ་བ་གསུམ་ལས་ཁམས་སྐད་ཀྱི་ཁོངས་སུ་གཏོགས་པ་དང་། དེ་ཡང་འཇོལ་རྫོང་གི་བོད་སྐད་དང་སེམས་ཀྱི་ཉི་ཟླའི་བོད་སྐད་བཅས་རིགས་ཆེ་བ་གཉིས་སུ་བགར་ཆོག་པ་རེད། འཇོལ་རྫོང་གི་བོད་སྐད་དང་སེམས་ཀྱི་ཉི་ཟླའི་བོད་སྐད་ནི་སྒྲ་གདངས་དང་མིང་ཚིག་སོགས་གང་ནས་ཀྱང་རང་ས་གནས་ཀྱི་ཁྱད་ཆོས་ལྡན། ཡིག་སྐད་དུ་བཀོལ་བའི་མིང་ཚིག་ཁ་ཤས་སེམས་ཀྱི་ཉི་ཟླའི་བོད་མི་རྣམས་ཀྱིས་དུས་རྒྱུན་གྱི་ཁ་སྐད་དུ་བཀོལ་བ་དང་། སྐད་ཆའི་སྒྲིག་སྟངས་ཁ་ཤས་ཀྱང་བརྡ་རྙིང་གི་བརྡ་སྤྲོད་དང་མཐུན་པས། བོད་སྐད་ཡིག་གི་རིམ་འགྱུར་ལ་ཞིབ་འཇུག་བྱེད་པར་ཧ་ཅང་བཟང་བའི་དངོས་དཔེ་རུ་གྱུར། སེམས་ཀྱི་ཉི་ཟླ་དང་འཇོལ་རྫོང་གི་བོད་སྐད་ལ་ཁྱད་པར་ཡོད་མོད། འོན་ཀྱང་ནན་ཏན་གྱིས་ཉན་པ་དང་དལ་མོས་བཤད་ན། ཕན་ཚུན་བར་གོ་བརྡ་སྤྲོད་པར་དཀའ་ངལ་མེད།
2.ཡུལ་མིའི་སྡོད་ཁང་།
བདེ་ཆེན་གྱི་གནམ་གཤིས་གྲང་ངར་ཆེ་ལ། མི་རྣམས་ཀྱིས་སྡོད་ཁང་ལ་བརྟེན་ནས་དྲོད་སྟེར་དགོས་པས། ས་འདིའི་བོད་མི་རྣམས་ཀྱིས་ཁང་པའི་བཟོ་པ་ལ་ཧ་ཅང་དོ་སྣང་བྱེད། སྲོལ་རྒྱུན་དུ། བོད་ཁང་གི་ཆེ་ཆུང་བརྩི་ཚུལ་ནི་རྒྱ་ཁྱོན་གྲུ་བཞི་མ་ལྟར་བརྩི་བ་མིན་པར། ཀ་བའི་མང་ཉུང་ལ་བརྟེན་ནས་བརྩི་བ་རེད། ད་ལྟ་ཡང་བརྩི་ཚུལ་འདི་འདྲ་མུ་མཐུད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། བདེ་ཆེན་བོད་ཀྱི་ཁང་པའི་ཀ་གདུང་དེ་ཧ་ཅང་གཙིགས་འཛིན་བྱེད་དེ། དུས་རྒྱུན་དུ་ཆེས་སྦོམ་པ་དང་ཆེས་རིང་བའི་གདུང་མ་དེ་ཀ་རྟེན་དུ་འཇོག་པ་དང་ཁྱིམ་ཚང་འདིའི་འབྱོར་ཕྱུག་དང་གོ་གནས་མཚོན་པ་རེད།
དགོན་སྡེའི་འཛུགས་སྐྲུན་ཡང་བོད་རིགས་མི་དམངས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། བོད་མི་རིགས་ཀྱི་ཆེས་མཐོ་བའི་བཟོ་སྐྲུན་ཆུ་ཚད་དང་བཟོ་སྐྲུན་སྒྱུ་རྩལ་གྱི་རྣམ་པ་ཡོངས་སུ་མཚོན་ཡོད་པ་རེད།
3. གྱོན་གོས།
བདེ་ཆེན་ནི་གཙང་གསུམ་མཉམ་བཞུར་གྱི་ལྟེ་གནས་དང་མཚོ་བོད་མཐོ་སྒང་། ཡུན་ནན་དང་ཀུའེ་ཀྲོའུ་མཐོ་སྒང་གི་འདྲེས་མཚམས་སུ་ཆགས་ཡོད་པ་ཡིན་ལ། གལ་ཆེ་བའི་འགྲིམ་འགྲུལ་ལམ་བརྒྱུད་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་བཞུར་རྒྱུན་འོག མི་རིགས་མང་པོ་ནི་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་མི་དང་འདྲ་བར་ཆགས་ནས། ས་འདི་ག་ནས་ཞབས་རྗེས་གང་མང་བཞག་ཡོད།
བདེ་ཆེན་བོད་ཀྱི་གྱོན་གོས་ནི་སྣ་མང་ཕུན་སུམ་ཚོགས་ལ།ས་གནས་རེ་རེར་མངོན་གསལ་གྱི་ཁྱད་པར་ཡོད་པ་རེད། བོད་ཁུལ་སྤྱི་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། དཔེར་ན། རྒྱལ་ཐང་གི་བུད་མེད་ཀྱི་གྱོན་གོས་ནི་བོད་ལྗོངས་དང་ཁྱད་པར་ཧ་ཅང་ཆེ་སྟེ། མདོག་སྔོན་པའི་ལྭ་རིང་དང་སྟོད་འགག དོར་མ་དཀར་པོ་སོགས་དང་། གཏེར་མ་རོང་བུད་མེད་ཀྱི་དོར་མ་ནག་པོ། ཀོང་རྩེད་རའི་བུད་མེད་ཀྱི་དོར་མ་དཀར་པོ་སོགས་རིགས་མང་པོ་ཡོད་ལ། ད་དུང་འཇང་རིགས་དང་ལི་སུའུ་རིགས། དབྱིས་རིགས། འབའ་རིགས་སོགས་མི་རིགས་གཞན་དག་གི་གྱོན་གོས་དང་འདྲ་བའི་ཆ་ཡང་ཡོད་པས། མི་རིགས་བར་ཕན་ཚུན་འགྲོ་འོང་དང་བརྗེ་རེས་ཀྱིས་ཤུགས་རྐྱེན་ཐེབས་པ་མཚོན་ཐུབ་པ་རེད།
4.བཟའ་བཏུང་།
བོད་ཀྱི་བཟའ་བཏུང་ནི་མཐོ་སྒང་གི་ས་གཤིས་དང་འབྲེལ་བ་ཡོད་དེ། མི་རྣམས་ཀྱི་ཚིལ་རིགས་དང་སྤྲི་དཀར་རྫས་སོགས་ལ་བརྟེན་ནས་འཚོ་སྡོད་བྱེད་དགོས་པས། ཟ་མ་གཙོ་བོ་ནི་འོ་རིགས་དང་ཤ་རིགས། རྩམ་པ་སོགས་ཡིན་པ་རེད།
5.དུས་སྟོན།
བདེ་ཆེན་གྱི་བོད་རིགས་ལ་དུས་སྟོན་མང་པོ་ཡོད་དེ། བོད་ཀྱི་ལོ་གསར་ནི་ཆེས་གལ་ཆེ་བའི་དུས་ཆེན་ཡིན། ལོ་གསར་གྱི་ཉིན་འདིར། མི་རྣམས་ཀྱིས་གྱོན་གོས་མཛེས་པོ་གོན་པ་དང་ནས་ཆང་སོགས་ལེགས་སྐྱེས་བཟུང་ནས་རང་གི་ཤ་གཉེན་སྤུན་ཟླ་དག་ལ་ལོ་གསར་བསྐྱལ་དུ་འགྲོ དེ་ནས་དགོན་སྡེ་དང་གཞི་བདག་སོགས་སུ་བསང་ཕུད་པ་དང་། དེ་རྗེས་སྐོར་བྱས་ནས་གླུ་ལེན་གར་རྩེད་བྱེད་པ་རེད།
ལྔ་པའི་རྟ་རྒྱུག་ནི་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་གྱི་དུས་ཆེན་ཞིག་ཡིན་ལ། ཉིན་འདིར་མི་རྣམས་ཀྱིས་རྫོང་པ་ནགས་ལྕོག་རྩར་འཛོམས་ནས་རས་གུར་ཕུབ་པ་དང་རྟ་རྒྱུག་ལ་ལྟད་མོ་ལྟ་བ་རེད།
བོད་མིའི་ཁ་དཔེར་ཡང། སྐད་ཆ་བཤད་ཤེས་པ་ཙམ་གྱིས་གླུ་ལེན་ཤེས་པ་དང་གོམ་པ་སྤོ་ཤེས་པ་ཙམ་གྱིས་བྲོ་རྩེད་ཤེས་ཟེར་བ་ལྟར། བོད་མི་ཞིག་ཡིན་ཕྱིན་ཁོར་ཡུག་གི་དབང་གིས་གླུ་ལེན་གར་རྩེད་བྱེད་ཤེས། བདེ་ཆེན་གྱི་གླུ་གར་ཧ་ཅང་སྣ་མང་ཕུན་ཚོགས་ཡིན་ཏེ། པི་ཝང་དང་སྐོར་བྲོ། ཉི་ཤར་ཞབས་བྲོ། རས་པ་སོགས་རིགས་མང་པོ་ཡོད་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1