༄༅།།དགེ་རྟག་སྐུ་ཕྲེང་ལྔ་པ།

འོད་ཟེར། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-29


 
    དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་གྲགས་པ་ནི་སྤྱི་ལོ་1903ལོར་དཀར་མཛེས་རྫོང་བེ་རི་ས་ཁུལ་གྱི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། དགུང་ལོ་19སོན་དུས་དབུས་མཆོག་ལྷ་སའི་གླིང་དུ་གྲྭ་སར་འགྲིམ། དགུང་ལོ་ཉེར་ལྔའི་ཐོག་དགེ་བཤེས་ཀྱི་གོ་མིང་ཐོབ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ལོ་རྒྱུས། རྩོམ་རིག སྐར་རྩིས། གསོ་བ་རིག་པ་བཅས་བྱང་ཆུབ་ཅིང་མཁས་པའི་ཕ་རོལ་དུ་སོན།
 
    སྔོན་མ་དམར་དམག་རྒྱང་སྐྱོད་སྐབས་སུ་དགེ་རྟག་སྤྲུལ་སྐུས་སྐུ་ཉིད་ཀྱི་མཚན་སྙན་ལ་བརྟེན་ནས་དཀར་མཛེས་སུ་སེར་སྐྱ་མང་ཚོགས་ལ་འབྲུ་དངུལ་གྲབས་བསྡུ་བྱེད་དུ་བཅུག་སྟེ་ཏང་དང་དམར་དམག་གི་དོན་དུ་དགེ་མཚན་ལྡན་པའི་ཕྱག་ལས་གནང་། 1936ལོར་དམར་དམག་ནུབ་ཕྱོགས་ཀྱི་ཁམས་བྱང་དུ་སྐྱོད་སྐབས་དགེ་རྟག་སྤྲུལ་སྐུས་ང་རང་ཉིད་སྤྲུལ་སྐུ་ཞིག་ལ་མཚོན་ན་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལྟར་དད་ལྡན་རྣམས་ལེགས་པའི་ལམ་དུ་ཡར་འདྲེན་བྱེད་མཁན་ཞིག་ཡིན། གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་དམར་དམག་ནི་དབུལ་པོའི་དོན་དུ་སྲིད་དབང་ལེན་མཁན་དམག་དཔུང་ཞིག་ཡིན། ང་ཚོའི་དད་པ་ལ་ཁྱད་པར་ཡོད་ནའང་ཐུན་མོང་གི་དམིགས་ཡུལ་ནི་ཉམ་ཐག་ཅན་རྣམས་སྐྱོབ་པའི་ཆེད་དུ་ཡིན་ཞེས་གསལ་པོ་གསུངས། དགེ་རྟག་སྤྲུལ་སྐུས་དམར་དམག་ལ་རྒྱབ་སྐྱོར་རོགས་རམ་ཤུགས་ཆེན་གནང་བའི་མཛད་རྗེས་རྣམས་དཀར་མཛེས་ས་ཁུལ་གང་སར་དུ་ཁྱབ། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དཀར་མཛེས་སུ་འབྱོར་སྐབས་བེ་རི་དགོན་པར་དགེ་རྟག་སྤྲུལ་སྐུ་ལ་གཟིགས་པར་ཕེབས་ནས་ཐུགས་བརྩེ་ཆེན་པོས་བཀའ་མོལ་གནང་བ་དང་ཁོང་གིས་བོད་རིགས་མི་དམངས་ཀྱི་བཅིངས་འགྲོལ་དོན་དུ་འབད་བརྩོན་ལྷོད་མེད་གནང་བར་སྐུལ་མ་གནང་། དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་ཨུ་ཡོན་ཁྲང་ཧའོ་ཡིས་ཆེད་མངགས་རྩ་ཚིག་བཀྲམས་ཏེ་དགེ་རྟག་སྤྲུལ་སྐུའི་རྒྱལ་གཅེས་ཀྱི་བྱ་སྤྱོད་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བསྔགས་བརྗོད་གནང་།
 
    ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་ཞི་ཁམས་ཞིང་ཆེན་ལ་ད་དུང་ཡང་བཅིངས་འགྲོལ་ཐོབ་མེད་པས་དགེ་རྟག་སྤྲུལ་སྐུས་གསང་བའི་ཐོག་ནས་འཐུས་མི་མངགས་ཏེ་གོ་མིན་ཏང་གིས་བཀག་སྡོམ་བྱེད་གནས་ནས་བསྐོར་ཏེ་མཚོ་སྔོན་བརྒྱུད་དེ་པེ་ཅིང་དུ་བསྐྱོད་པ་དང་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་རྣམ་གཉིས་ལ་གོས་དར་ཕུལ། 1950ལོའི་དཔྱིད་ཀར་མི་དམངས་བཅིངས་འགྲོལ་དམག་གིས་དར་རྩེ་མདོ་བཅིངས་འགྲོལ་བཏང་རྗེས་ཁོང་སྐུ་ངོ་མས་དཀར་མཛེས་སུ་མང་ཚོགས་སུམ་སྟོང་ལྷག་ཞུགས་ཡོད་པའི་ཚོགས་ཆེན་གཙོ་སྐྱོང་གནང་སྟེ་དར་རྩེ་མདོ་བཅིངས་འགྲོལ་བཏང་བར་དགའ་བསུ་ཞུས་པ་མ་ཟད། འཐུས་མིར་ཕྱག་རྟགས་དང་ཕྱག་བྲིས་ཀྱང་བསྐུར་ཏེ་ཆེད་མངགས་ཀྱིས་དར་རྩེ་མདོར་རུ་བཅིངས་འགྲོལ་དམག་ལ་དགའ་བསུ་ཞུས། 1950ལོའི་ཟླ་བ་4པའི་ཟླ་མཇུག་ཏུ་དམག་དཔོན་ཆེན་པོ་ཝུའུ་ཀྲུང་དང་ཐེན་པའོ་སངས་རྒྱས་ཡེ་ཤེས་ཀྱིས་མི་དམངས་བཅིངས་འགྲོལ་དམག་སྣེ་ཁྲིད་དེ་དཀར་མཛེས་རྫོང་དུ་ཕེབས་སྐབས་དགེ་རྟག་སྤྲུལ་སྐུའི་བཞུགས་གནས་སུ་འཚམས་འདྲིར་ཕེབས་པ་མ་ཟད། མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་རྣམ་གཉིས་དང་། དེ་བཞིན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་། ཧོ་ལུང་། ལི་ཅིང་ཆོན་བཅས་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་ཐོག་དེ་སྔ་ཁོང་གིས་ཏང་དང་དམར་དམག་ལ་རྒྱབ་སྐྱོར་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཏང་དང་སྲིད་གཞུང་གིས་ཁོང་ལ་གཟི་བརྗིད་མཚན་སྙན་དང་ཡིད་ཆེས་ཧ་ཅང་ཆེན་པོ་གནང་བས་སྔ་རྗེས་སུ་ཁོང་ཉིད་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞི་ཁམས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། དར་མདོ་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།
 
     1950ལོའི་ཟླ་བ་5པར་ཀྲུའུ་ཏེས་དགེ་རྟག་སྤྲུལ་སྐུ་ལ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་རྒྱུའི་གདན་ཞུ་གློག་འཕྲིན་བཏང་། གནས་ཚུལ་དེ་ཐེན་པའོ་སངས་རྒྱས་ཡེ་ཤེས་ཀྱིས་ཁོང་ལ་བཤད་སྐབས་ང་རང་མའོ་ཀྲུའུ་ཞི་དང་ཀྲུའུ་ཏེ་རྣམ་གཉིས་མཇལ་རྒྱུའི་རེ་བ་ཆེན་པོ་ཡོད་ནའང་། མིག་སྔར་བོད་ལྗོངས་ད་དུང་བཅིངས་འགྲོལ་ཐོབ་མེད་པ་དང། ང་རང་གི་བསམ་འདུན་ད་དུང་མངོན་འགྱུར་མཐར་ཕྱིན་བྱུང་མེད་པས་ང་པེ་ཅིང་དུ་ཕྱིན་ན་ག་ལ་འགྲིག དེ་ལས་རང་ཉིད་སྔོན་ལ་བོད་ལྗོངས་སུ་ཕྱིན་ནས་ལྷ་སའི་སེ་འབྲས་དགེ་གསུམ་དང་བཀའ་ཤག་གཞུང་ན་ཡོད་པའི་རང་གི་གྲོགས་པོ་ཚོར་གུང་ཁྲན་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་། རང་ཉིད་ཀྱིས་མཐོང་ཐོས་བྱུང་བའི་དོན་དངོས་ལ་བརྟེན་ནས་ཁོ་ཚོར་གོ་སྐོན་གྱིས་མེས་རྒྱལ་གྱི་པང་དུ་ལོག་རྒྱུའི་རེ་བ་བྱེད་རྒྱུ་ཡིན། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་སུ་གཞི་ནས་མའོ་ཀྲུའུ་ཞི་དང་ཀྲུའུ་ཏེ་རྣམ་གཉིས་མཇལ་བར་འགྲོ་རྒྱུ་ཡིན་ཞེས་གསུངས། དགེ་རྟག་སྤྲུལ་སྐུས་བོད་ལྗོངས་སུ་ཕེབས་རྒྱུའི་རེ་འདུན་གནང་བ་དེ་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་ཤེས་རྗེས་གློག་འཕྲིན་བཏང་སྟེ་བོད་ལྗོངས་སུ་མི་ཕེབས་རྒྱུའི་བསླབ་བྱ་གནང་། འོན་ཀྱང་དགེ་རྟག་སྤྲུལ་སྐུས་ཐོག་མའི་དགོངས་གཞི་མ་བསྒྱུར་བས་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་དགེ་རྟག་སྤྲུལ་སྐུའི་ཐུགས་འདུན་གཏན་འཁེལ་འགྱུར་མེད་ཡིན་པ་ཤེས་རྗེས་ཁོང་གི་རེ་འདུན་ལ་མོས་མཐུན་གནང་ཡང་བདེ་འཇགས་ལ་ལྷག་པར་དུ་དོ་སྣང་མཛད་དགོས་པའི་རེ་བ་གནང་། 
 
     1950ལོའི་སྤྱི་ཟླ་7པའི་ཚེས་10ཉིན་དགེ་རྟག་སྤྲུལ་སྐུས་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞི་ཁམས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས་རྗེས་དབུས་སུ་ཆིབས་བསྒྱུར་གནང་། ཚེས་24ཉིན་ཆབ་མདོར་འབྱོར་འཕྲལ་མདོ་སྤྱིར་མཇལ་བཅར་གནང་སྟེ་གུང་ཁྲན་ཏང་གིས་ལོ་རྒྱུས་དང་དོན་དངོས་ལ་བརྩི་འཇོག་བྱེད་ཀྱི་ཡོད་ཅིང་། མི་དམངས་ཀྱི་བསམ་འདུན་ལྟར་བོད་ལྗོངས་སྔ་ཙམ་ནས་བཅིངས་འགྲོལ་ཐོབ་པའི་འདོད་ཚུལ་གསལ་བཤད་གནང་། འོན་ཀྱང་བཀའ་ཤག་གིས་དགེ་རྟག་སྤྲུལ་སྐུ་བོད་དུ་ཕེབས་རྒྱུར་མོས་མཐུན་མ་བྱུང་བར་ས་སྲུང་དམག་དཔུང་ལ་དགེ་རྟག་སྤྲུལ་སྐུ་ལྷ་སར་གཏོང་མི་རུང་བའི་བཀའ་ཕབ། དགེ་རྟག་སྤྲུལ་སྐུས་ཐོག་མཐའ་བར་གསུམ་དུ་ང་ཤི་ཡང་བློ་འགྱོད་མེད། འོན་ཀྱང་ལྷ་སར་ཕྱིན་ཏེ་ཏཱ་ལི་བླ་མ་དང་མཇལ་རྒྱུའི་རེ་བ་ཡོད་ཅེས་གསུངས། མཐར་སྐུ་རྐྱང་དུ་བོད་ལ་ཞི་མཐུན་གྱི་ཞལ་ཏ་གནང་བར་ཕེབས་པའི་དགེ་རྟག་སྤྲུལ་སྐུ་སྟབས་མ་ལེགས་པར་སྤྱི་ལོ་1950ལོའི་ཟླ་བ་8པའི་ནང་དགུང་ལོ་47གྱི་སྟེང་དུ་ཆབ་མདོར་སྐུ་གཤེགས། །  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1