བོད་ལྗོངས་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་དྲ་ཚིགས་ཚོད་ལྟའི་ཤར་གཏོང་བྱས།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-21
གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་དྲ་ཚིགས་ཟླ་12ཚེས་8ཉིན་ཚོད་ལྟའི་ཤར་གཏོང་བྱེད་འགོ་བརྩམས་པ་རེད།
མཚམས་སྦྱོར་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་དྲ་ཚིགས་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད་(2015ལོ་ནས་2020ལོའི་བར)》དང་བོད་རང་སྐྱོང་ལྗོངས་ཏང་ཨུའི《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད་(2015ལོ་ནས་2020ལོའི་བར)》དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་པོ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་བཏང་སྟེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དམིགས་ཡུལ་མངོན་འགྱུར་སྔ་ཙམ་བྱ་ཆེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ལས་ཐིང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག་ཤར་གཏོང་བྱས་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་དྲ་ཚིགས་ཀྱི་ཁོངས་མིང་ནི་www.fzb.xizang.gov.cnཡིན་ཞིང་། དྲ་ཚིགས་ཀྱི་ཁོངས་སུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་། ནང་བཙུགས་ལས་ཁུངས་ཀྱི་འགན་ནུས། སྲིད་གཞུང་གི་ཁྲིམས་འཛུགས། སྲིད་འཛིན་བསྐྱར་གྲོས་ཞུ་ལན་འདེབས་པ། ཁྲིམས་ལུགས་ལྟ་སྐུལ། བསམ་འཆར་བསྡུ་རུབ། གྲབས་ཐོའི་འདྲི་དཔྱོད། སྲིད་གཞུང་གི་ཁྲིམས་ལུགས་ཞིབ་འཇུག ཡོངས་བསྒྲགས་གསར་ཤོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་སོགས་པའི་ལེ་ཚན་མང་པོ་བཙུགས་ཡོད་པ་རེད། སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་ཀྲུའུ་རེན་བསྟན་པས"སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་དྲ་ཚིགས་ནི་སྲིད་གཞུང་གི་ཁྲིམས་ལུགས་སྡེ་ཁག་གིས་སྤྱི་ཚོགས་ལ་ཁ་གཏད་པའི་སྒེའུ་ཁུང་ཞིག་ཡིན་ལ། མང་ཚོགས་དང་སྲིད་གཞུང་གི་ཁྲིམས་ལུགས་སྡེ་ཁག་བར་ཕན་ཚུན་སྐུལ་འདེད་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན"ཞེས་མཚམས་སྦྱོར་བྱས་པ་རེད།
སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་རྗེས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་སྤེལ་དང་། ཁྲིམས་ལྟར་བོད་ལྗོངས་སྐྱོང་བར་སྐུལ་སྤེལ། སྲིད་དོན་ཡོངས་བསྒྲགས་ཁྱབ་སྤེལ། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན། སྲིད་གཞུང་གི་ཁྲིམས་ལུགས་སྡེ་ཁག་གི་འགན་ནུས་ཁྱོན་ཡོངས་ནས་ལག་བསྟར། སྲིད་གཞུང་གི་ཁྲིམས་ལུགས་ལས་དོན་གྱི་ཆུ་ཚད་མཐོར་གཏོང་བཅས་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད།