ཀྲུང་དབྱང་གི་ཞིང་སྡེའི་ལས་ཀའི་གྲོས་ཚོགས་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ སྤེལ་དུས། 12-21


 
 
        ཀྲུང་དབྱང་ཞིང་སྡེའི་ལས་ཀའི་གྲོས་ཚོགས་དེ་སྤྱི་ཟླ་12པའི་ཚེས་19ཉིན་ནས་ཚེས་20ཉིན་བར་པེ་ཅིང་དུ་འཚོགས། གྲོས་ཚོགས་སྟེང་ཁྱོན་ཡོངས་ནས་ཏང་གི་སྐབས་ཚོགས་ཆེན་ཐེངས་སྐབས་བརྒྱད་པ་དང་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས། དེ་མིན་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལ་ལག་བསྟར་སློབ་སྦྱོང་བྱས་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་བརྩམས་པའི་སྐབས་ཀྱི་ཞིང་གསུམ་ལས་ཀར་ཕྱོགས་བསྡོམས་དང་མིག་སྔའི་ཞིང་ལས་དང་ཞིང་སྡེའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ་2017ལོའི་ཞིང་ལས་དང་ཞིང་སྡེའི་ལས་ཀ་བཀོད་སྒྲིག་གནང་།
        གྲོས་ཚོགས་ཀྱི་སྔོན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྟེ་ཆེད་དུ་ཞིང་གསུམ་ལས་ཀ་ལ་ཞིབ་འཇུག་དང་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ད་ལོའི་ཞིང་ལས་དང་ཞིང་སྡེའི་གནས་བབ་སྤྱིའི་ཆ་ནས་ཅུང་ལེགས་ཤིང་། སང་ལོར་ཞིང་གསུམ་ལས་ཀས་མུ་མཐུད་དུ་སྤྱི་ཡོངས་ལ་བྱས་རྗེས་འཇོག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ་ཞིང་ལས་ཀྱི་འདོན་སྤྲོད་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དེ་ཞིང་ལས་དང་ཞིང་སྡེ་ལས་ཀའི་གཙོ་གནད་དུ་བཟུང་ནས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་། མུ་མཐུད་དུ་ཞིང་གསུམ་ལས་ཀར་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་ཞིང་ལས་ཀྱི་འདོན་སྤྲོད་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་ནས་མགྱོགས་མྱུར་ངང་དེང་རབས་ཞིང་ལས་འཛུགས་སྐྲུན་དང་ཞིང་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱེད་པ། རྣམ་པ་མང་པའི་གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་འཕེལ་རྒྱས་སུ་གཏོང་བ། གཏིང་ཟབ་པའི་སྒོ་ནས་ཞིང་སྡེའི་ལས་བསྐྲུན་གསར་གཏོད་ལས་ཀ་ནས་རྣམ་པ་གསར་པའི་གྲོང་སྡེ་ཅན་དང་ཞིང་ལས་དེང་རབས་ཅན་གཉིས་ཕན་ཚུན་སྐུལ་འདེད་ངང་ཡར་ཐོན་ཡོང་བར་བྱ་དགོས་པ་དང་། ཞིང་ལས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བ། ཞིང་བའི་ཡོང་སྒོ་ཇེ་མང་དུ་བཏང་སྟེ་ཞིང་སྡེའི་འཕེལ་རྒྱས་བར་སྟོང་རྒྱ་སྐྱེད་དགོས་པའི་བླང་བྱ་བཏོན། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1