ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་འཚོགས་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-22
ཉེ་ཆར། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་ཀའི་གྲོས་ཚོགས། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ། སྐབས་དང་པོའི་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་རེའི་ཞིང་ཆེན་གྱིས་གྲོས་གཞི་ལག་བསྟར་དང་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།
ཚོགས་ཐོག་ཏུ་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་སང་ལོའི་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་ལས་ཀ་ལ་ཇུས་འགོད་དང་སྐུལ་སྤེལ་བྱེད་པར་བཀོད་སྒྲིག་གནང་།གཅིག་ནས་ཁག་གཅིག་ཅན་བཞིའི་བླང་བྱ་ལྟར་མུ་མཐུད་ནས་ལོ་འཁོར་མོའི་རྣམ་གྲངས་ལས་ཀ་ལ་དམ་འཛིན་བྱ་དགོས། གཉིས་ནས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཅི་ཐུབ་བྱ་དགོས། གསུམ་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མཐོ་གནས་ནས་འཚར་སྐྱེས་རང་བཞིན་ལྡན་པའི་ཐོན་ལས། གསར་དར་སྣེ་ཁྲིད་རང་བཞིན་གྱི་ཞབས་ཞུ་ལས་རིགས་བཅས་མགྱོགས་པོར་འཕེལ་རྒྱས་གཏང་དགོས། བཞི་ནི་གོ་རིམ་ལྡན་པའི་སྒོ་ནས་བཅོས་སྒྱུར་གསར་གཏོད་ཁྱོན་ཡོངས་ནས་ཚོད་ལྟ་བྱེད་པར་སྐུལ་མ་གཏང་དགོས། ལྔ་ནས་ནུབ་རྒྱུད་དངུལ་ལོར་ལྟེ་གནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། དྲུག་ནས་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པར་བརྟན་བརླིང་སྒོས་སྐུལ་སྤེལ་བྱ་དགོས། བརྒྱད་ནས་ཆུ་ཚད་མཐོན་པོའི་སྒོ་ནས་ཕྱི་ཕྱོགས་མཉམ་ལས་བྱེད་པར་སྐུལ་སྤེལ་བྱས་ཏེ་གནད་ལ་ཁེལ་བའི་སྒོ་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྒྱུད་གཅིག་ལམ་གཅིག འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་རྣམས་སྦྲེལ་མཐུད་གང་ལེགས་བྱ་དགོས། དགུ་ནས་དབུལ་སེལ་བྱ་རྒྱུའི་འཆར་གཞི་ཡོད་པའི་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ། གྲོང་གསེབ་ཀྱི་དབུལ་པོའི་མི་གྲངས་བཅས་དང་ཡིད་མུག་པ་གཉིས་དང་འགན་ལེན་གསུམ།ལེགས་པོ་བཞིའི་དམིགས་ཡུལ་བཅས་གཅིག་བསྡུས་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་མུ་མཐུད་ནས་ལེགས་པོར་བསྒྲུབ་དགོས། བཅུ་ནས་ལྗང་མདོག་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱས་ནས་གཞི་ཁྱོན་ཆེན་པོའི་ལྗང་འགྱུར་གཏོང་བར་སི་ཁྲོན་ཡོངས་ཀྱིས་ལག་བསྟར་བྱ་དགོས་ཞེས་པ་ལག་བསྟར་གཏིང་ཟབ་བྱས་ནས་མཁའ་དབུགས་དང་ཆུ། ས་གཞི་བཅས་གསུམ་ནས་སྦགས་བཙོག་སྔོན་འགོག་བྱ་དགོས་ཞེས་བཏོན།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་ལ་མཇལ་འཕྲད་གནང་དུས་གསུང་བཤད་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་སྐོར་ལ་བླང་བྱ་བཏོན། ཁྱིམ་ཚང་དཔལ་ཡོན་འཛུགས་སྐྲུན་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱ་དགོས་པ་དེ་ཁྲིམས་ལུགས་གནས་བདུན་ནས་སྤེལ་བ་དང་ལེགས་པོ་བཞིའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་བཅས་དང་ཟུང་འབྲེལ་བྱས་ནས་རྒྱལ་གཅེས་ཁྱིམ་གཅེས་དང་དགའ་ཞེན་ཡོད་པ། དགེ་ཕན་ཡོད་པ། མཉམ་དུ་ཁྱིམ་སྐྱོང་བའི་དཔལ་ཡོན་གྱི་རྣམ་པ་གསར་པ་གསོ་སྐྱོང་ཤུགས་ཆེན་བྱ་དགོས་པ་དང་། ཁྱིམ་ཚང་ཁྲི་མ་འབུམ་གྱིས་ཁྱིམ་གཅེས་དང་རྒྱལ་གཅེས་གཉིས་གཅིག་གྱུར་བྱས་ནས་ཁྱིམ་ཚང་གི་ཁོངས་མི་སོ་སོར་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་དང་རང་བདག་གིས་སྤྱི་ཚོགས་རང་ལུགས་ཀྱི་སྲིག་ཤིང་ལྟ་བས་རིན་ཐང་གི་ལྟ་བ་ལག་བསྟར་བྱེད་པར་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་སི་ཁྲོན་གྱི་མཆོང་སྐྱོད་གཉིས་སྐུལ་སྤེལ་བྱེད་པར་འབད་པ་ལྷོད་མེད་བྱ་དགོས་ཅེས་ནན་གསུང་གནང་།།