༄༅།། འདོད་ཡོན་རྣམ་ལྔ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17



       འདོད་ཡོན་རྣམ་ལྔ་ཞེས་པ་འདི། སྟོན་པ་མཆོག་གིས་རྒྱུད་སྡེ་ཟབ་མོར་ཕྱི་ནང་གསང་བའི་མཆོད་པའི་གྲས། ཕྱི་ཡི་མཆོད་རྫས་ཀྱི་གཙོ་བོར་གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་ལྷའི་ཕྱག་མཚན་དུ་བཀོད་པ་སོགས་སྔགས་ཆོག་དང་། མདོ་ལུགས་ཀྱི་ཆོ་ག་རྣམས་སུ་ཡང་འདི་དག་གི་ཡོན་ཏན་དང་། འབུལ་ཚིག མཆོད་སྔགས་བཅས་རྒྱ་ཆེར་བཀའ་བསྩལ་བྱིན་རླབས་ཆེ་ཞིང་རྟེན་འབྲེལ་ལེགས་པའི་རི་མོ་འདི་ཉིད་རྟེན་གསུམ་གྱི་གཙུག་ལག་ཁང་། དགེ་འདུན་གྱི་ཀུན་དགའ་ར་བ། རྒྱལ་པོའི་ཕོ་བྲང་། ཕྱུག་པོའི་བང་མཛོད། སྐྱེ་བོ་ཕལ་པའི་ཁང་ཁྱིམ་སོགས་གནས་ཡུལ་གང་སར་ལྡེབས་རིས་དང་ཐང་སྐུ། གཡང་སྒམ་དང་གཡང་བུམ་ཡན་ཆད་ལ་མཆོད་རྫས་དང་རྒྱན་བཀོད། ཡུལ་ཕྱོགས་གནས་ཁང་བཀྲ་ཤིས་སུ་བྱེད་པའི་དགེ་ལེགས་ཀྱི་རི་མོའི་གྲས་སུ་ཚོན་རིས་འབྲི་བར་མ་ཟད་གསེར་དངུལ་ལས་བརྡུང་བ་དང་། དར་གོས་ཀྱི་ཚེམ་དྲུབ། ཤིང་ཆས་ལ་འབུར་དུ་བརྐོས་པ། གཞན་ཡང་གཏོར་རྒྱན་མར་ཚོན་སོགས་ཀྱི་བར་རྒྱུ་ཆ་དང་བཟོ་བཀོད་རྣམ་པ་སྣ་ཚོགས་པས་ཡིད་དུ་འོང་བར་བསྐྲུན་ནས་བསྒྲིག་བཤམས་བྱེད་སྲོལ་འདི་བྱུང་བ་ཡིན། འདོད་པའི་ཡོན་ཏན། ཤེས་པ་ལྔ་ཡི་ཡུལ། གཟུགས་མཚོན་པའི་ཕྱིར་མིག་ཤེས་ལ་གཟུགས་མཛེས་པ་མཚོན་ཕྱིར་རིན་ཆེན་མེ་ལོང་། རྣ་བའི་དབང་པོ་ལ་སྙན་འཇེབས་སྒྲ་དབྱངས་མཚོན་ཕྱིར་པི་ཝང་། སྣ་ཡི་དབང་པོ་ལ་དྲི་ཞིམ་མཚོན་ཕྱིར་དྲི་ཡི་དུང་ཆོས། ལྕེ་ཡི་དབང་པོ་ལ་རོ་བཅུད་གཉིས་ལྡན་མཚོན་ཕྱིར་ཤིང་འབྲས། ལུས་ཀྱི་དབང་པོ་ལ་འཇམ་མཉེན་གྱི་རེག་བྱ་མཚོན་ཕྱིར་དར་འཕྱང་རྣམས་འདོད་ཡོན་ལོངས་སྤྱོད་འཛད་མེད་འཕེལ་བའི་རྟེན་འབྱུང་གི་རི་མོར་ཤེས་པར་བྱའོ། །
གཞན་དུ་སྒྲ་ལ་སིལ་སྙན་དང་ཏིང་ཤགས་དྲིལ་བུ། སྣ་ལ་བདུག་སྤོས།  རོ་ལ་ལྷ་བཤོས་སོགས་གྲངས་ལས་འདས་པ་ཞིག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1