༄༅།། བོན་གྱི་དུར་ཆོག་རིག་གནས།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-29



        བོན་གྱི་ཆོས་ལུགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཤིག་ཡིན་ལ། གནའ་བོའི་བོད་ཀྱི་ཕ་མེས་དང་ཡང་མེས་ཚོས་སྲོལ་གཏོད་པའི་རིག་གནས་རྙིང་ཤོས་ཤིག་ཀྱང་ཡིན། དུར་ཆོག་ནི་མི་རིགས་སུ་འདྲ་ཞིག་ཡིན་ཀྱང་འཚོ་བའི་ནང་དུ་ཁ་བྲལ་ཐབས་མེད་པའི་རིག་གནས་ཤིག་རེད། བོད་ཀྱི་དུར་ཆོག་ནི་དེང་དུས་ནང་པའི་ཆོས་ལུགས་ཀྱི་སྒོ་ནས་བྱེད་ཅིང་ཡོད་ཀྱང་། དོན་དངོས་ཆེས་གནའ་བོའི་དུས་ཀྱི་བོན་ལུགས་ཀྱི་ཆོ་གའི་ལག་ལེན་རྣམས་ནང་ཆོས་སུ་བཅོས་པའི་ཟོལ་དུ་བེད་སྤྱོད་བྱས་དང་བྱེད་བཞིན་པ་འདི་རེད། གནའ་བོའི་བོན་ཆོས་ཀྱི་དུར་ཆོག་ནི་གཙོ་བོ་འབྱུང་རྩིས་ལ་བརྟེན་ནས་གཤིན་པོའི་སྲོག་ལུས་དབང་ཀླུང་བཅས་ཀྱི་འབྱུང་ཁམས་ལ་བརྟག་ནས་འབྱུང་བ་གང་གི་སྒོ་ནས་དུར་ཆོག་བྱས་ན་གཤིན་པོ་བླ་བདེ་བ་དང་། གསོན་པོ་འདུག་བདེ་བར་ཡོང་བའི་ཐབས་ཤེས་བཙལ་ཡོད་པ་རེད། བྱས་ཙང་བོན་ལུགས་ཀྱི་དུར་ཆོག་ནི་མི་རིགས་གཞན་དང་ཆོས་ལུགས་གཞན་པ་གང་དང་ཡང་མི་འདྲ་བའི་ལག་ལེན་བྱ་སྲོལ་ཞིག་ཡོད་པ་སྟེ། 
༡ ཤིང་དུར་དང་ཡང་ན་རླུང་དུར་ཞེས་པ་རི་ལ་སྐྱེལ་ནས་བྱ་སྟོར་བྱེད་པ་ནི་བོད་ཁམས་ཡོངས་དང་ཁམས་ཁུལ་གྱི་འབྲོག་ཕྱོགས་སུ་དར་ཁྱབ་ཆེ་བར་མ་ཟད།  ལྷག་པར་ཆེས་གནའ་བོའི་ཡུལ་སྲོལ་བྱིས་དུར་ནི་ཕྲུ་གུའི་ཕུང་པོ་སྒམ་དུ་བཅུག་ནས་ཤིང་སྡོང་ལ་བཀལ་བའི་དུར་སྦས་བྱེད་ཚུལ་འདི་ཁམས་ཕྱོགས་དཔལ་ཡུལ་རྫོང་གི་ས་ངན་ཕྱོགས་སུ་དེང་དུས་ཀྱང་ལག་ལེན་བྱེད་སྲོལ་ཡོད།
༢ མེ་དུར་ཞེས་པ་ཕུང་པོ་མེར་བསྲེགས་ཏེ་མེ་ལྷར་མཆོད་པ་འདི་ནི་ལོ་ན་རྒན་པོའི་སྐུ་ཕུང་དང་། བླ་མ་དམ་གཙང་སྡོམ་ལྡན་གྱི་སྐུ་ཕུང་རྣམས་མེ་མཆོད་བྱེད་སྲོལ་འདི་ཁམས་ཕྱོགས་སུ་ད་བར་རྒྱུན་མ་ཆད་པ་གནས་ཡོད།
༣ ས་དུར་ཞེས་པ་ས་འོག་ཏུ་སྦས་པ། འདི་ནི་ཁམས་ཕྱོགས་འདིར་ཕལ་ཆེར་འགོས་ནད་ཀྱིས་ཤི་བ་དང་། གྲིར་ཤི་བའི་ཕུང་པོ་རྣམས་ས་འོག་ཏུ་སྦས་ཤིང་ཡོད་པར་མ་ཟད། ད་རུང་མོ་རྩིས་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་ས་དུར་སྦས་མཁན་ཡང་མང་པོ་ཡོད་པ་རེད།
༤ ལྕགས་དུར་ཞེས་རྡོ་སྒམ་དང་། མཆོད་རྟེན་སོགས་སུ་བཅུག་ནས་ཕུང་པོ་ཉར་ཚགས་བྱ་བའི་ལུགས་འདི་ནི་བླ་སྤྲུལ་སོགས་ལ་གདུང་རྟེན་བཞེངས་པ་བོད་ཁམས་སྤྱིའི་ལུགས་དང་། ཁམས་ཕྱོགས་འདིར་གཡང་ཅན་རྒན་པོའི་རོ་ཞེས་པ་ལོ་ངོ་གྱ་གཅིག་བརྒལ་ཟིན་ཞིང་བསོད་ནམས་དང་དབང་ཅན་གྱི་སྐུ་ཕུང་ཁང་ཕུགས་རྡོ་སྒམ་བསྒྲིགས་ནས་བཅུག་སྲོལ་ཡོད་པ་རེད།
༥ ཆུ་དུར་ཞེས་པ་ཕུང་པོ་ཆུར་སྐྱུར་ནས་ཉ་རིགས་རྣམས་ལ་ལྟོར་སྟེར་བ་ནི། ཕུང་པོ་བྱ་རྒོད་ཀྱིས་མི་བཟའ་བའི་སྐབས་སུ་སླར་ཡང་ཆུ་དུར་བྱ་བ་དང་། བྱིས་པ་ཆུང་ངུ་ཟླ་ངོ་མ་ལོན་པའི་ཕུང་པོ་ཆུ་ལ་སྐྱུར་བའི་ཆུ་དུར་འདེབས་པའི་སྲོལ་ཡོད་མ་ཉམ་པ་ཡོད་འདུག།  
   དེ་ལྟར་འབྱུང་ལྔའི་དུར་ལས་བྱ་ཚུལ་ཆ་ཚང་འདི་ནི་ཁམས་ཕྱོགས་འདིར་དེང་གི་བར་གནས་ཡོད་པ་རེད།འོ་ན་དུར་ལྔ་པོ་དེ་དག་གང་དུ་གཏོང་བ་ཇི་ལྟར་ཐག་བཅད་ཅིང་ཡོད་པ་རེད་ཅེ་ན། དེ་ནི་གོང་གསལ་ལྟར་འབྱུང་རྩིས་ལུགས་ཀྱི་གཤིན་པོའི་སྲོག་ལུས་དབང་ཀླུང་གི་ཁམས་དང་གང་མཐུན་ལྟར་འབྱུང་བ་གང་མཐུན་པའི་ཕྱོགས་དེར་སྐྱེལ་ཞིང་ཡོད་པ་རེད།  
        གཞན་ཡང་གཤིན་པོ་དེ་དུར་གང་དུ་སྐྱེལ་ཡང་དེའི་ནོར་སྐལ་དུ་དུར་ནོར་ཞེས་པའི་རྫས་རིགས་མང་པོ་ཞིག་ཀྱང་མཉམ་དུ་མཆོད་འབུལ་བྱེད་སྲོལ་ཡོད་པ་དེ་དག་གང་དགོས་གཙོ་བོ་གཤིན་པོའི་སྤར་ཁའི་ཁམས་དང་བསྟུན་དགོས།དེང་དུས་བོད་ཀྱི་ས་འོག་ནས་ཐོན་པའི་གནའ་རྫས་ཞིབ་འཇུག་བྱེད་སྐབས་སུ། རིག་གནས་ཀྱི་ཁྱད་ཆོས་དང་དུས་རབས་གཏན་འཁེལ་བྱེད་སྐབས།ནུབ་ཕྱོགས་ཀྱི་རིག་གནས་དང་རྒྱ་ནག་གི་རིག་གནས་སོགས་ལ་དཔེ་བྱས་ཏེ་རྗེས་དཔག་བྱེད་ཅིང་ཡོད་པ་ནི་རྟ་བཞག་ནས་ཀུ་རུ་རྒྱུ་བཙལ་བའི་དཔེ་ལས་མ་འདས།བོད་ཀྱི་ས་འོག་ནས་ཐོན་པའི་བོད་ཀྱི་རིག་གནས་ངོས་འཛིན་དགོས་ན་ངེས་པར་དུ་གནའ་བོའི་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཡོད་པ་ཞིག་དགོས་ངེས།དེས་ན་དེང་དུས་བོད་ཀྱི་དུར་ཆོག་འདི་དག་བལྟས་ན། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གི་རིག་གནས་རྣམས་གསོན་ཉམས་ལྡན་པར་གནས་ཡོད་པ་ཞིག་ཡིན་སྟབས།བོད་ཀྱི་གནའ་རྫས་ལ་ཞིབ་འཇུག་བྱེད་དགོས་ན་ངེས་པར་དུ་གཏོ་མདོས་ཡས་གླུད་ཀྱི་ཆོ་ག་རྣམས་བྱང་ཆུབ་པ་ཤེས་པར་བྱ་དགོས།བོད་མི་རྣམས་འདས་རྗེས་དུར་འདེབས་ཚུལ་གཙོ་བོ་རྩིས་ལ་བརྟེན་ནས་འབྱུང་བ་ལྔའི་སྒོ་ནས་དུར་འདེབས་སྲོལ་ཡོད་པ་འདི་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དར་བ་ཞིག་ཡིན་ཡང་ད་བར་མ་ཉམས་པར་ལག་ལེན་བྱེད་སྲོལ་གནས་ཡོད་པ་རེད།དེ་ཡང་འབྱུང་བ་བཞིའམ་ལྔ་ལས་གྲུབ་པའི་མིའི་ལུས་རྟེན་འདི་ཉིད་མཐར་འབྱུང་བཞིའི་ཀློང་དུ་ཐིམ་དགོས་ཞིང་ཡོད་སྟབས།མི་ཤི་བའི་ཕུང་པོ་དེ་ཉིད་ས་དུར་དང༌། ཆུ་དུར། མེ་དུར། རླུང་དུར་གང་རུང་ཞིག་འདེབས་ཞིང་ཡོད་པ་རེད།
        དུར་སྦས་པའི་སྐབས་སུ་དུར་རྫས་དང་དུར་ནོར་ཞེས་ཟས་རིགས་དང༌། དར་གོས་རིགས། སྲོག་ཆགས་རིགས་སོགས་མང་པོ་དུར་ནང་དུ་མཆོད་ཅིང་ཡོད་པ་རེད།དེའང་གཤིན་པོ་གང་ལ་དུར་ནོར་གང་ཞིག་དགོས་པ་གཤིན་པོའི་སྤར་ཁ་ལ་བརྟེན་ནས་ཐག་གཅོད་དགོས་ཤིང༌།སྤར་ཁ་དང་སྨེ་བ་བརྩི་ཐབས་འདི་དག་ནི་བོད་ཀྱི་ལོ་རྒྱུས་ཐོག་དར་སྔ་ཤོས་ཀྱི་རིག་གནས་ཤིག་ཡིན་པ་དང༌། སྤྱི་ལོའི་སྔོན་གྱི་ལོ་སྟོང་ཕྲག་བདུན་བརྒྱད་ཀྱི་དུས་ནས་ཡོད་པ་བོན་གྱི་ལོ་རྒྱུས་ལས་བཤད་ཡོད་པ་རེད།ཆེས་གནའ་བོའི་དུས་སུ་དུར་རྫས་རྣམས་གཤིན་པོ་རང་གི་རྒྱུ་རྫས་དངོས་དང༌། དུར་ནོར་ཡང་སེམས་ཅན་དངོས་སུ་སྦས་ཤིང་ཡོད་པ་སྤར་ཁའི་རྣམ་བཤད་ནང་འཁོད་པ་ཙམ་མ་ཟད། མི་ལོ་སྟོང་ཕྲག་མང་པོའི་སྔོན་གྱི་མི་རོ་འགའ་ཞིག་དེང་དུས་ས་འོག་ནས་ཐོན་ཡོད་པ་འདི་དག་ལས་མངོན་སུམ་དུ་སྣང་བ་ལྟར་རོ། །
        བོན་གྱི་སྟོན་པ་གཤེན་རབ་དང༌། ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་རྣམས་ཀྱིས་བོན་ཆོས་གཏོ་ཆོག་མང་པོ་དར་སྤེལ་བྱས་ཏེ།སེམས་ཅན་གྱི་ཚབ་ཏུ་སེམས་ཅན་གང་དགོས་དེའི་གཟུགས་བརྙན་བཅའ་ནས་མཆོད་སྲོལ་བཅོས་ཡོད་པ་དང༌།སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཙམ་ནས་དུར་རྫས་རྣམས་ཐམས་ཅད་ཀྱིས་ཀོང་རྩེའི་གཏོ་ཆོག་རྣམས་ལ་གཞིར་བཟུང་ནས་བཅོས་པའི་དུར་ཆོག་རྣམས་བེད་སྤྱོད་བྱེད་ཅིང་ཡོད་ལ།དུར་རྫས་རྣམས་མང་ཆེ་བ་གཏོ་མའི་ངོས་སུ་པར་ནས་མཆོད་སྲོལ་ལག་ལེན་བྱས་དང་བྱེད་བཞིན་པ་འདི་རེད།དུར་རྫས་དང་དུར་ནོར་སྤྱོད་ཚུལ་ནི། དུར་རྫོང་སྒོ་དབྱེ་འབྱུང་ལྔའི་སྨྲང་བཅས་ལས།
1. སྤར་ཁ་ལི་ལ་ཤི་ན། མགོ་ཤ། མར་ཁུ། འབྲས།ཞྭ། ཕྱིང་པ། རྟ་ལྤགས། ཟངས་སྤྱད། གཡུ། བུ་སྲིང་གི་ནོར། རྒོད་མ་དམར་ཞུ། ཤིང་སེ་བ། བྱ་སྐྱ་ཀ་རྣམས་སོ། །
 
2. སྤར་ཁ་ཁོན་ལ་ཤི་ན། དྲོད་སྨན། ཟར་མ། ལག་གཡོན་ཤ།རྒན་མོའི་ཕུ་དུང་གཡོན་པ། ཕུག་སྲང་སོག་པ། རྒན་མོའི་ནོར། བ་རྒན། ལུག་རྒན་མགོ་དམར། ཤིང་ལྕང་མ།བྱ་ཐི་བ་རྣམས་སོ། །
 
3. སྤར་ཁ་དྭ་ལ་ཤི་ན། བྱ་ཤ། ཇུ་རྩེ། སྒུར་རྩིབས་གཡོན།གོ་ཁྲབ། སྐ་རགས། གོས་འཁྱར་མ༌། མགར་བའི་ལག་ཆ། གྲི། མདུང༌། མདའ། ར་རྒན་རྒྱ་བོ། བོང་བུ།ཤིང་ཚར་པ། བྱ་འཇོལ་མོ་རྣམས་སོ། །
 
4. སྤར་ཁ་ཁེན་ལ་ཤི་ན། འཕྱི་ཤ། ཁྱི་ཤ། རྐང་གཡོན་ཤ།རས་དཀར། རྒས་པོའི་ལྷམ་གཡོན་པ། བོན་པོའི་རྔ་གཤང༌། རྒད་པོའི་ནོར། ཁྱི་རྒན། ཁྱི ་སྣ་དམར།ཤང་སྦྱར་པ། བྱ་ཁྲུང་ཁྲུང༌། རྟ་རྣམས་སོ། །
 
5. སྤར་ཁ་ཁམ་ལ་ཤི་ན། ཉ་ཕག་ར་ཤ། རྒྱུ་མ། རྐང་གོས་འཁྱར་བ་སྦྲ་ཚལ། ཕོར་ཆག། གཟར་ཆག།རྫ་གོག་ཆག་པོ། སྲན་མ། བྲ་བོ། ཤ་རུ། བྱི་བ། གླང༌། ཕག་པ། ཤིང་སྦེན་མ། བྱ་ཁྭ་ཏ། ལུག་བཅས་སོ། །
 
6. སྤར་ཁ་གིན་ལ་ཤི་ན། གླང་ཤ རྐང་གཡས་ཤ གྲོ། ཟ་འོག སྒོམ་ཆེན་གོས། རྡོར་དྲིལ། དཀོར་རྫས། བན་དེའི་ནོར། གླང་དམར་མགོ་ཤ། ཤིང་ཤུག་པ། བྱ་འུག་པ། མཛོ། རྟོལ་བཅས་སོ། །
 
7. སྤར་ཁ་ཟིན་ལ་ཤི་ན། བོང་ཤ ། རྩིབས་ཤ་གཡས།འབྲུ་སོ་བ། སྐ་རགས། སྟག་གཟིག་དང་བོང་བུའི་ལྤགས་པ། སྟ་གདོང༌། ཤིང་བཟོའི་ལག་ཆ། བོང་བུའི་ཁྲ་བོ་སྟག་རིས་ཅན།ཤི ང་སྟག་པ། བྱ་ནེ་ཙོའམ་ཅོ་ག ར་རྣམས་སོ། །
 
8. སྤར་ཁ་ཟོན་ལ་ཤི་ན། ཟར་མ། མཛོ་རྟོལ་གྱི་ལག་གཡས་ཤ།དར་སྣ་ལྔ། ཟ་འོག། རྔ༌། རང་འཐག། གྲེན་ཕུག མཛོ་གླང་རྟོལ་བུ་སྔོ་ཟལ། ཤིང་གསོམ་པ། བྱ་པུ་ཤུད་བཅས་སོ། །

        གོང་གསལ་འདི་རྣམས་ནི་སྤར་ཁ་སོ་སོའི་དུར་རྫས་དང་དུར་ནོར་རྣམས་ཡིན་སྟབས། བོད་ཀྱི་གནའ་བོའི་དུར་ཁྲོད་ནང་དུ་གནའ་རྫས་བརྟག་དཔྱད་བྱེད་པའི་སྐབས་སུ་སྤར་ཁའི་དུར་རྫས་འདི་ནི། དངོས་པོ་བརྟག་དཔྱད་བྱེད་ཐབས་ཀྱི་ཚད་མའི་བདེན་དཔང་ཞིག་ཡིན་ནོ། །
        དེ་ལྟའི་ཆོ་ག་འདི་ནི་འབྱུང་བ་ལྔ་གང་གི་དུར་འདེབས་ཀྱང་ལག་ལེན་བྱེད་ཅིང་ཡོད་པ་རེད། ཕུང་པོ་ས་ལ་སྦས་ན་དུར་རྫས་དང་དུར་ནོར་འདི་རྣམས་ལྷན་དུ་ས་འོག་ཏུ་སྦས་ཤིང་ཡོད་པ་རེད་ལ། དེང་དུས་བོད་དུ་དུར་མང་ཆེ་བ་བྱ་གཟན་བྱེད་ཅིང་ཡོད་ཀྱང༌། ཆོ་ག་འདི་དག་ཚུལ་བཞིན་དུ་ལག་ལེན་བྱེད་ཅིང་དུར་ཁྲོད་ནང་དུ་དུར་རྫས་འདི་དག་མཆོད་ཅིང་ཡོད་པ་རེད། །
        གོང་གསལ་དོན་ཚན་ལྔའི་སྒོ་ནས་བརྟག་ན། ཁམས་པའི་རིག་གནས་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་བོད་ཀྱི་རིག་གནས་རྙིང་པ་རྣམས་ཀྱི་རྣམ་པ་མ་ཉམས་པར་གསོན་ཉམས་ལྡན་པ་གནས་ཡོད་པ་ཞིག་རེད། དེས་ན་ཁམས་པའི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་འདི་དག་ནི་གནའ་བོའི་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་སོགས་ཞིབ་འཇུག་བྱ་བ་ལ་དཔྱད་གཞི་གསོན་ཉམས་ལྡན་པ་ཞིག་རེད། །
        ཞེས་པ་ཁམས་པའི་རིག་གནས་ཀྱི་རིན་ཐང་རྣམ་བཤད་མཁས་པའི་མགུ་རྒྱན་ཞེས་པ་འདི་ནི་ཕྱི་ནང་གི་རྐྱེན་འགའ་ཞིག་ལ་བརྟེན་ནས།ཁམས་པའི་ཡུལ་དུ་སྐྱེས་ཤིང་ཁམས་ཟས་ཀྱི་ལུས་ཟུངས་སྐྱེད་པའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༦ལོའི་ཟླ་བ་༡༢པའི་ཚེས་༡ཉིན། རྒྱ་ནག་ཁྲེན་ཏུའི་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ཏུ་བྲིས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1