རྨ་བྱ་ལྗང་ཁུ་ནི་བྱ་རིགས་ལས་ཆེས་མཛེས་སྡུག་དང་ལྡན་པའི་བྱ་ཞིག་སྟེ། སྤུ་མདོག་ལྗང་ཁུ་ཡིན་མགོ་ན་རིང་ཚད་ལ་ལི་སྨི་11ཡས་མས་ཡོད་པའི་ཟེ་པྲོག་ཅིག་ཡོད་ཅིང་ལུས་པོའི་རིང་ཚད་ལ་ལི་སྨི་90ནས་ལི་སྨི་130ཙམ་ཡོད། མཇུག་སྒྲོའི་རིང་ཚད་ལ་ལི་སྨི་150ནས་180ཡོད་པ་ཡིན། སྒྲོ་སྤུའི་སྟེང་ན་མཛེས་ཤིང་ལྟ་ན་སྡུག་པའི་སྒྲོ་མདོངས་ཡོད། བོད་མིའི་ཁ་དཔེ་རུ་བྱུ་རུ་དམར་པོའི་ཏོག་ཅན་པོ། རྨ་བྱ་ལྗང་ཁུ་སྔོན་མོའི་སྒྲོ་ཅན་པོ་ཚང་གི་ཡིན་ཞེས་ཤོད་སྲོལ་ཡོད་ཅིང་། དེ་ལས་དེའི་སྒྲོ་མདོག་ནི་སྔོན་པོ་དང་དེ་མཐོ་དཔོན་ས་ཅན་གྱི་མཚོན་རྟགས་ཡིན་པ་ཤེས་ཐུབ། རྨ་བྱའི་སྒྲོ་མདོངས་ཤིན་ཏུ་རིང་བས་རྔ་མ་ལས་ཀྱང་རིང་བ་དང་གཤོག་སྒྲོ་ཉི་ཤུ་ཡོད། སྒྲོ་སྟེང་གི་རི་མོ་མིག་གི་དབྱིབས་ཅན་ཡིན། རྨ་བྱ་ལྗང་ཁུའི་སྒྲོ་དེ་ལྟ་བུ་ཞིག་ཡོད་ནའང་འཕུར་རྩལ་དེ་འདྲའི་བཟང་རྒྱུ་མེད། སྐེ་མཇིང་ཕྲ་ཞིང་སྒལ་བ་འབུར་ནས་ཡོད། མགོ་ན་སྒྲོ་སྤུ་གསུམ་ཡོད། མོ་བྱའི་གཟུགས་པོ་ཕོ་བྱ་ལས་ཆུང་བར་མ་ཟད། སྒྲོ་མདངས་དེ་འདྲའི་མི་མཛེས་ལ་མཇུག་སྒྲོ་རིང་པོའང་མེད། དུས་རྒྱུན་དུ་བཅུ་གྲངས་ཙམ་ཁྱུ་སྒྲིག་ནས་འཚོ་བ་ཡིན། འཕུར་ན་དམའ་ཞིང་དལ་བ་དང་རྐང་པའི་ཤེད་ཤུགས་བཟང་བས་མང་ཆེ་བར་ས་ནས་འགྲོ་བ་ཡིན་ལ་འགྲོ་ཚུལ་བྱ་ཕོ་བཞིན་དུ་འགྲོ་ཞོར་དང་མགོ་བོ་ལྡེམ་ཞོར་དུ་འགྲོ་བ་ཡིན།
རྨ་བྱ་ལྗང་ཁུ་ནི་རང་རྒྱལ་གྱི་བོད་ལྗོངས་ཀྱི་མོན་ཡུལ་དང་ཡུན་ནན་ཞིང་ཆེན་གྱི་ས་ཆ་ཁ་ཤས་ན་མ་གཏོགས་མེད་པ་དང་འཚོ་སྡོད་ཁོར་ཡུག་ནི་མཚོ་ངོས་ལས་སྨི་2000མན་གྱི་ཤིང་ཕྲན་ཐ་ཐོར་སྐྱེས་ཡོད་སའི་རྩྭ་ཐང་དང་སྨྱུག་ཚལ་སོགས་ཀྱི་ཁྲོད་དུ་གནས་ཡོད་པར་མ་ཟད། ལུང་ཁོག་གི་ཆུ་བོའི་འགྲམ་དང་ནགས་གསེང་གི་སྤང་ངོས་སུའང་འཚོ་བར་དགའ། རྨ་བྱ་ལྗང་ཁུའི་རྣམ་རིག་ཧ་ཅང་གྲིམ་པོ་ཡིན་ལ་བརྒྱུགས་ན་མགྱོགས་པ་དང་དོགས་ཟོན་ཆེ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། རྨ་བྱ་ལྗང་ཁུས་ཁ་ཟས་འཚོལ་བའི་དུས་ཚོད་ནི་ནངས་དུས་དང་དགོང་མོ་ཡིན་ཞིང་གཙོ་བོར་རྩྭ་འབྲུ་དང་མྱུ་གུ། ཤིང་ཏོག་དང་འབུ་སྲིན། སྦལ་བའི་རིགས་སོགས་ཀྱང་བཟའ་བ་ཡིན་པ་དང་། བོད་ཀྱི་དམངས་ཁྲོད་དུ་རྨ་བྱ་ལྗང་ཁུ་སྔོན་མོས་དུག་རྩྭ་ཟ་ཞེས་བཤད་རྒྱུན་ཡོད། ལེ་རེའི་ཟླ་གཉིས་པའི་ཟླ་དཀྱིལ་དུ་སྐྱེ་འཕེལ་གྱི་མགོ་རྩོམ་ཞིང་བྱ་ཚང་ནི་ཤིང་ཕྲན་གྱི་གསེང་དང་རྩྭ་གསེང་། སྨྱུག་མའི་ཚལ་གྱི་གསེང་སོགས་ན་བཅོས་ཡོད་ལ་སྒོ་ང་རུམ་ཐེངས་གཅིག་ལ་བཞི་ནས་བརྒྱད་རེ་རུམ་པ་ཡིན།
རྨ་བྱ་ལྗང་ཁུ་ཇི་ལྟར་མཛེས་སྡུག་ལྡན་པ་དེ་བཞིན་དུ་བོད་མིའི་བསམ་བློའི་ཁྲོད་དུའང་མཛེས་སྡུག་གི་མཚོན་བྱེད་ཡིན་པ་དང་རྨ་བྱའི་ཤ་དང་ཁྲག མཁྲིས་པ། བྱ་སྒྲོ། རྟུག་པ་བཅས་ནི་བོད་སྨན་དུ་འགྲོ་བས་སྲུང་སྐྱོབ་ཀྱི་རིན་ཐང་ལྡན།
ང་ཚོ་བོད་ཀྱི་ས་ཁུལ་ན་རྨ་བྱ་ལྗང་ཁུ་མང་པོ་མེད་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པས་ང་ཚོས་འཆམ་མཐུན་ཞི་བདེའི་ཁོར་ཡུག་ཅིག་འཛུགས་བསྐྲུན་བྱེད་དེ་རྨ་བྱ་ལྗང་ཁུ་འཚོ་གནས་ཁོར་ཡུག་བདེ་མོ་ཞིག་བསྐྲུན་དགོས། །
སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།