སྤྱི་ཟླ་12པའི་ཚེས29ཉིན། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་བཙུགས་ནས་ལོ་འཁོར་30ལོན་པའི་དགའ་སྟོན་དང་དེབ་གསར་འགྲེམ་སྤེལ་ཚོགས་འདུ་པེ་ཅིང་དུ་འཚོགས་པར་མ་ཟད། པར་དུ་བསྐྲུན་པའི་དེབ་གསར་སྐོར་ཞིག་གི་འགྲེམ་སྤེལ་ཚོགས་འདུའང་འཚོགས།
རྒྱུས་ལོན་བྱུང་བ་ལྟར་ན། བོད་རིག་པའི་དཔེ་སྐྲུན་དཔེ་དེབ་ལ་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་ཏེ། བོད་རིག་པའི་དཔེ་དེབ་ལ་ཆེད་ལས་རང་བཞིན་གྱི་ཤུགས་ཆེ་ཞིང་ལོ་རྒྱུས་དང་སྐད་ཡིག ཆོས་ལུགས། ཆབ་སྲིད། སྤྱི་ཚོགས་དཔལ་འབྱོར། གསོ་བ་རིག་པ་སོགས་ཁྱབ་ཁོངས་ཀྱི་དཔེ་དེབ་མང་པོ་པར་སྐྲུན་བྱས་པ་དང་། དུས་མཚུངས་སུ་བོད་ཡིག་དང་རྒྱ་ཡིག ལེགས་སྦྱར་སྐད་དང་དབྱིན་ཡིག་སོགས་སྐད་རིགས་མང་པོ་བར་བཅུག་མཐུན་སྦྱོར་བྱ་དགོས། བོད་རིག་པ་དཔེ་སྐྲུན་ཁང་གི་ཆབ་སྲིད་བླང་བྱ་ཤིན་ཏུ་མཐོ་སྟེ་པར་སྐྲུན་ལས་ཀས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཀྱི་ཞབས་ཞུ་བསྒྲུབ་དགོས་པ་མ་ཟད་བོད་ལྗོངས་ཀྱི་བརྟན་བརླིང་དར་སྤེལ་ལའང་ཞབས་ཞུ་བསྒྲུབ་དགོས་པ་རེད། །