ཁ་བཏགས་ལྟ་བུའི་མི་བུ་ཚོ། བདེ་མོ་བྱོས།

པོ་ཕྲུག་དོན་གྲུབ་ཚེ་རིང་། ཀན་ལྷོ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 12-30


སློབ་གྲོགས། བསྟན་འཛིན་ཉི་མས་པར་བླངས།

གངས་རི་ཆེན་པོ་སྟོབས་ཀྱི་འགྱིང་བའི་ཡང་སྟེང་དུ།

རྩྭ་ཐང་ཡངས་པོ་གོས་ཀྱིས་བཏིང་བའི་གདན་སྟེང་དུ།
གཙང་ཆབ་སྔོན་མོ་དལ་གྱིས་བཞུར་བའི་འགྲམ་ངོགས་ནས།
ངས་ཁ་བཏགས་ལྟ་བུའི་སྙིང་ཉེ་ཚོར།
གྱེས་བྲལ་གྱི་བདེ་མོ་འཇོག
སྤྲི་ཆར་ལྟ་བུའི་དམའ་གསུམ་ཚོ།
ཁ་བཏགས་ལྟ་བུའི་མཐོ་གསུམ་ཚོ།
ཁྱོད་ཚོས། ཀ་ཕྲེང་གི་གསང་རྣམ་ཁྱེར་ནས།
དུས་ཚོད་ཀྱི་ཨུ་ཁུང་བརྟོལ།
ཁྱོད་ཚོས། རྔུལ་ཆུ་ཡི་ལོ་ཟླ་བསྐྱངས་ནས།
ཐ་སྙད་ཀྱི་རབ་ཁ་བརྒལ།
དུས་དེ་ནས་བཟུང་།
ཉི་ནུབ་ནས་ཉི་ཤར་རེ་རེར།
གྲོ་ཕྱེ་དང་རྩམ་རྡོག་རེ་རེ།
དུས་ཚོད་དང་སྐར་ཆ་རེ་རེ།
མཛེས་སྡུག་གི་སློབ་ཁང་ནས།
སྒྲིག་ལམ་དང་དམ་ཚིག་བསྲུངས་ནས།
ཕམ་ཁ་དང་ངོ་ཚ་སེལ་ཕྱིར།
གནད་དོན་ལ་འཐབ་རྩོད་བརྒྱབ་མྱོང་།
འདི་ནི་ཁྱེད་ཀྱི་འཕྲིན་ལས་དཀར་པོ་རེད།
མཐར་ཕྱིན་སློབ་གྲོགས་ཚོ།
ཁྱེད་ཚོའི་གསེར་མདོག་གི་ལེའུ་རེ་རེ།
རེ་སྨོན་གྱི་མྱུ་གུ་འབུས་སྲིད།
ཁྱེད་ཚོའི་ཞབས་རྗེས་རི་མོར།
བཀྲ་ཤིས་ཀྱི་གཡང་རིས་བཀྲ་ཡོད།
ཁྱེད་ཚོ་ནི་ཚད་མའི་མེ་ཏོག་ཡིན།
ཁྱེད་ཚོ་ནི་བཙན་པོའི་བླ་རྐང་ཡིན།
ཁྱེད་ཚོ་ནི་སློབ་ར་འདིའི་པོ་ཏི་གསེར་བྲིས་མ་ཅི་ལ་མིན།
དེ་རིང་། ཁྱེད་ཚོའི་དྭངས་གཙང་དང་མཛེས་པ།
ལྷད་མེད་དང་བདེན་པ།
ལོ་ཟླ་དང་རྔུལ་ཆུ།
ལང་ཚོའི་བཞུར་རྒྱུན་དང་ལྷན་དུ།
ཤེས་རིག་གི་ཕ་ས་ནས།
དུས་གསུམ་ལ་ལྡིང་སྐོར་རྒྱག་དུས།
ཁྱེད་ཚོར། ཕ་མ་ཉི་ཟླ་འདྲ་བ་ཚོས་སེམས་ནས་ཉན་ཡོད།
ཁྱེད་ཚོར། དགེ་རྒན་སྟག་སེང་འདྲ་བ་ཚོས་མིག་གིས་བལྟས་ཡོད།
མཐར་ཕྱིན་སློབ་གྲོགས་ཚོ།
རྒྱང་རིང་རྒྱང་རིང་གི་འཇིག་རྟེན་ནས།
ཁྱེད་ཀྱི་རྩ་བར་གྱུར་བའི་ཁ་དོག་ལ་ཞི་རྒྱས་དབང་གྲགས་མངོན།
སྔོ་སེར་དཀར་དམར་བཀྲ།
མཐར་ཕྱིན་སློབ་གྲོགས་ཚོ།
འདི་ནི།
བརྩོན་པ་ཆུ་ལ་བཅོལ་བའི་གྲུབ་འབྲས་རེད།
གཏི་མུག་མེ་ལ་བསྲེགས་པའི་གཟི་བྱིན་རེད།
རྒྱལ་ཁའི་དམུ་ཐག་འཐེན་པའི་དར་དཀར་རེད།
འདི་ནི།
མེ་ཏོག་གི་མགུལ་རྒྱན་ཞིག་མི་ཚེའི་ཚེ་ནོར་ཞིག
དུས་ཀྱི་རླབས་སྒྲ་ཞིག
དབྱངས་ཅན་མའི་ལྡིང་ནས།
ཏིང་འཛིན་གྱི་ཤགས་སྒྲ་ཐོས་བྱུང་།
ཨ་ཡིག་གིས་སྐ་རགས་བཅིངས་ཡོད།
ཡིན་སྲིད། ཁྱེད་ཚོ་ནི་སྡེ་ཁག་འདིའི་གསེར་གྱི་ཚེས་རིས་ཡིན།
སྙིང་གི་དུམ་བུ་ཡིན།
ལྕགས་ནག་གི་གླིང་བུ་ཡིན།
གསེར་ནག་གི་བུམ་པ་ཡིན།
དབྱངས་གསལ་གྱི་གཞོང་བ་ཡིན།
ཉི་ཟླ་ཡི་རྣ་ལུང་ཡིན།
སློབ་གྲོགས་ཚོ།
ཁྱེད་ཚོས་བཙན་པོའི་སྡེ་ཁག་འདི་མ་བརྗེད།
དགེ་སློབ་ལྷན་རྒྱས་ཚོ་མ་བརྗེད།
འོད་ཀྱི་གུར་ཁྱིམ་འདི་མ་བརྗེད།
གསེར་གྱི་ས་བོན་འདི་མ་བརྗེད།
སེམས་ཀྱི་མྱུ་གུ་འདི་མ་བརྗེད། །  

དགེ་རྒན། བསྟན་འཛིན་ཉི་མས་པར་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1