གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་བོད་ལྗོངས་སུ་དགུན་དུས་སྐྱེལ་ཞིང་བྱ་རིགས་དང་གྲངས་འབོར་ལོ་21རིང་ལ་ལྡབ་3འཕར་བ།
2003ལོར་ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་ཡོངས་སུ་རྩ་མེད་དུ་འགྲོ་ཉེན་ཆེ་བའི་སྲོག་ཆགས་སུ་བཀོད་པ་དང་། ལོ་དེར་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་ཡར་ཀླུང་གཙང་པོའི་བར་རྒྱུད་རོང་ས་ཡང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དུ་སྤར་བ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་སུ་དགུན་དུས་བསྐྱལ་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཚད་ལོ་རེ་བཞིན་འཕར་གྱི་ཡོད་པ་དང་། 1995ལོར་གྲངས་འབོར་3000ཡོད་པ་ནས་མིག་སྔར་9000ལ་ཉེ་བར་འཕར་ཡོད་ཅིང་། གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་བསྡོམས་གྲངས་ཀྱི་80%ཡན་ཟིན་ཡོད་པ་རེད།
ལྷ་སའི་སྐྱིད་ཆུའི་འབབ་རྒྱུད་ལྷུན་གྲུབ་རྫོང་ཁོངས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཆུ་ཁོངས་དང་ཞིང་ཁ་ནི་བོད་ལྗོངས་ཀྱི་དུས་བྱའི་དགུན་དུས་སྐྱེལ་གནས་ཆེ་ཤོས་ཤིག་ཆགས་པ་རེད། ལོ་རེའི་ཟླ་བ་10པའི་ཟླ་དཀྱིལ་ནས་ཕྱི་ལོའི་ཟླ་བ་4པའི་ཟླ་འགོའི་བར་དུས་བྱ་ཁྲི་སྟོང་མང་པོ་གནས་འདི་རུ་དགུན་དུས་སྐྱེལ་བར་ཡོང་གི་ཡོད་ཅིང་། དེའི་ཁྲོད་དུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་དུས་བྱ་རིགས་ལྔ་དྲུག་ཡོད་པ་རེད།།