ལི་ཁེ་ཆང་དང་མེས་ཏེ་ཝེ་ཅེ་ཧྥུའུ་གཉིས་ཀྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-03


        སྤྱི་ཟླ་12པའི་ཚེས་31ཉིན། ལི་ཁེ་ཆང་དང་མེས་ཏེ་ཝེ་ཅེ་ཧྥུའུ་གཉིས་ཀྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
        ལི་ཁེ་ཆང་གིས་མེས་ཏེ་ཝེ་ཅེ་ཧྥུའུ་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པར་མ་ཟད། 2016ལོར་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་བཟང་བོ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སི་གཉིས་བར་གྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལས་གཏན་ལ་ཕབ་པའི་དམིགས་འབེན་དང་རྩ་དོན་གཞིར་བཟུང་སྟེ། འཐབ་ཇུས་མཉམ་ལས་དམ་པོ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བཟང་བོ་བྱས་ནས། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་།  ལོ་གསར་པའི་ནང་ངས་མུ་མཐུད་དུ་ཁྱེད་དང་འབྲེལ་འདྲིས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། མཁའ་སྐྱོད་མཁའ་འགྲུལ། མྱུར་བགྲོད་ལྕགས་ལམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་འབྲིང་ཆུང་དང་ཚན་རྩལ་གསར་སྐྲུན། ཞིང་ལས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་སྒོས་གཏིང་ཟབ་ཏུ་སྤེལ་འདོད་པར་མ་ཟད། མི་ཆོས་རིག་གནས་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཅེས་བསྟན། 
        མེས་ཏེ་ཝེ་ཅེ་ཧྥུའུ་ཡིས་2016ལོ་ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ཁྱོན་ཡོངས་ནས་སྤེལ་ཏེ། ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས། བཟོ་ལས་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་ལས་གཞི་རབ་དང་རིམ་པ་རིམ་བཞིན་དུ་ལག་བསྟར་བྱས་པ་དང་། ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱི་སྨྱན་བྱད་ལས་ཁུངས་བརྗེ་རེས་ལོའི་བྱ་འགུལ་བདེ་བླག་ངང་སྤེལ། ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་དང་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་གཉིས་འབྲེལ་འདྲིས་དང་མཉམ་ལས་བྱས་པས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པར་གོ་སྐབས་གསར་པ་འདོན་སྤྲོད་བྱས་པར་མ་ཟད། ཕྱོགས་གལ་ཆེན་དེའི་ཐད་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བར་ང་ལ་ཡིད་ཆེས་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1