གླིང་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།
རྩིང་རགས་སུ་གྱུར་པའི་མཆུ་སྒྲོས། ཁེར་ཧྲང་གིས་སིམ་པའི་བུ་མོའི་གཟིམ་ཆུང་།
ཁེར་ཧྲང་གིས་སིམ་པའི་བུ་མོའི་གཟིམ་ཆུང་། གློ་དང་རྒྱུ་མའི་སྣེ་ནས་སྐྱོ་ཡུས་སྟུག་པོ་འབུད་པར་བྱེད། འཁྲེང་སེམས་ཀྱིས་ལྕི་བའི་དཔྱིད་ཀ་ཡང་འུ་ཐུག་གིས་ཡལ། ཟམ་ཟིམ་དུ་འབབ་པའི་ཆར་ཐིགས་འགས། མེ་ཏོག་གི་འདབ་མ་ལྟུང་བར་བྱེད། སྤྲོ་བ་དབེན་པས་སྒྲོམ་སྐྱོར་རེ་རེར་བསྙེས་ཚར་ཡང་། སེམས་པ་སོང་བའི་མི་དེ་གང་དུ་ཡོད། མིག་མདུན་དུ་གནམ་མཐར་འདྲེས་པའི་རྩྭ་ཕུང་སྐམ་པོ་དེས། སེམས་ཀྱི་མཛའ་བོ་ལྷགས་སའི་རྐང་ལམ་ཀྱག་ཀྱོག་གིས་རིང་དུ་བསྲིངས།
རྨི་ལམ་འདྲ་བའི་གླུ་གཞས། མདང་ནུབ་ཆར་བ་འཆག་རྗེས་རླུང་འཚུབ་རྒོད་པ།
མདང་ནུབ་ཆར་བ་འཆག་རྗེས་རླུང་འཚུབ་རྒོད། གཉིད་སྟུག་ཁུགས་ཀྱང་ཆང་དུག་ད་དུང་བསལ་མིན་པས། ནངས་མོར་སེང་སྒྲོམ་སྒྲིལ་མཁན་ཞལ་ཏ་མར། མངར་འབྲས་མེ་ཏོག་ག་འདྲ་འདུག་པའི་གནས་བབ་དྲིས། ཁོ་མོས་འཛུམ་གྱིས་མེ་ཏོག་སྔར་བཞིན་བཞད་འདུག་ཟེར། ཡིན་ཡང་དེ་ནི་མེ་ཏོག་ལྷུང་ཤུལ་ལོ་མ་སྟུག་པོར་མངོན་པ་ཨེ་ཤེས་ལགས།
མཚོ་ངོགས་སུ་བཅར་བའི་འཕགས་པ། ཕུ་ཐག་ཟད་པའི་ཁྱམས་རའི་ཕུགས་ནི་ཅི་ཙམ་ཟབ།
ཕུ་ཐག་ཟད་པའི་ཁྱམས་རའི་ཕུགས་ནི་ཅི་ཙམ་ཟབ། ཁང་བརྩེགས་དུ་སྨུག་གིས་དཀྲིས་པས་སྒོ་དྲ་དམ་པོར་ཟུམ། ལྕུག་མས་ལྗང་མདོག་འཁུར་ཞིང་ཅོ་ལེ་འདབ་མ་སྔོ་མདངས་ཁད་ཀྱིས་གསལ། དཔྱིད་ཀྱི་གོམ་ཁ་ཅཱན་ཁང་ནགས་སུ་བསྒྱུར་ཚར་ཡང་། བགྲེས་པའི་མི་དེ་ཅཱན་ཁང་མཁར་དང་རིང་དུ་གྱེས། ཟླ་བ་དང་དྲི་གཞོན་གྱིས་བསྩལ་བའི་བགྲང་འདས་ཕྱིར་དྲན་དག ད་ནི་ཡོད་ཚད་ལ་སྤྲོ་བ་ཟད་ཅིང་ཨ་ཐང་ཆད། སེམས་ཀྱི་སྐྱོ་སྡུག་བརྗོད་སའི་ཡུལ་ནི་མེད་པས་ལྷག་ཏུ་རྒས་པར་གྱུར། བཅོ་ལྔའི་ལྒང་ཞུ་འདེགས་པར་སྙིང་བོས་དབེན། ཁ་བར་གོམ་པ་གཅོག་པའི་སྤྲོ་བ་བོར།
འགྲོས་ལྷོད་པོའི་གླུ་གཞས། ཡང་ཡང་འཚོལ་བ།
གང་ཞིག་བོར་བའི་ཕྱོགས་ལ་སེམས་ཀྱིས་བཙལ་བཙལ་ཀྱང་། ཉེ་རིང་ཀུན་ཏུ་འཁྱབ་ཤུབ་ལྷིང་འཇགས་ཀྱིས་གནོན་པས།སྐྱོ་སྡུག་ཁུར་བོས་ང་ནི་རྒུད་ཅིང་ཧད་པར་ལུས།རེས་འཁྱག་རེས་དྲོའི་སྟོན་ཟླར་ངལ་བའི་ཡིད་སེམས་གསོས་ཐབས་བྲལ། བདུད་རྩི་ཏོག་ཙམ་ཁོག་ལ་དྲངས་ཀྱང་ཞོགས་པའི་གྲང་རླུང་རྒོལ་ཐབས་ཅི།ཁྲུང་ཁྲུང་གྲལ་སྒྲིག་ལྷོར་བཞུད་མཐོང་བས་ཡིད་ཀྱི་སྐྱོ་བ་འཕྱུར་དོན་ཡང་། འདས་པའི་ལོ་ཟླར་ཕན་ཚུན་འདྲིས་ཐག་རིང་བས་ལན། ལྡུམ་རའི་ནང་དུ་ལོ་མ་སེར་པོ་གཏོར་ཞིང་སྐམ་རྙིད་དུ་གྱུར་ཀྱང་། ད་ནི་དེ་དག་སོ་སོ་སྒྲུག་མཁན་མཐོང་དུ་མེད། གཅིག་པུར་སྒེའུ་ཁུང་སྲུང་བཞིན་མཚན་འདི་ཇི་ལྟར་ཡོལ། ཝུའུ་ཐུང་ལོ་མའི་ངོས་དག་ཆར་ཟིམ་འཇབ་བེར་བརླན་པར་བྱས། སྲོད་ཀྱི་དུས་ལ་བབས་ཀྱང་ཆར་ཐིགས་མཚམས་ཆད་མེད་པར་ཟགས། སྣང་ཡུལ་འདི་ཨ། “སྐྱོ”ཞེས་བྱ་བའི་ཡིག་འབྲུ་གཅིག་གིས་བརྗོད་མི་ལངས།
རྨ་བྱའི་སྟེགས་བུའི་སྟེང་ནས་གླིང་བུ་འབུད་པ་དྲན་པ། གསེར་གྱི་སྤོས་ཕོར་དྲི་ངད་ཡལ་བ།
གསེར་གྱི་སྤོས་ཕོར་དྲི་ངད་ཡལ། ཉལ་ཐུལ་དམར་པོ་རྫོབ་བེར་སྟན་ལ་འཁྲིལ། ནངས་མོ་མལ་ལས་ལངས་དུས་དབུ་སྐྲ་ཤད་པའི་སེམས་ཤུགས་ཉམས། རིན་ཆེན་སྒེག་ལས་སྒྲོམ་བུར་རྡུལ་གྱིས་བཏུམས། ཞོགས་པའི་ཉི་ཟེར་རྣོན་པོས་ཡོལ་རས་གཙེས་པར་བྱེད། ཉེ་དུས་ལུས་པོ་སྐམ་རིད་དུ་གྱུར་པ་འདི་ཡང་། ཨ་རག་ལ་ཞེན་པའམ་སྟོན་ཟླའི་སྐྱོ་ཡུས་ཀྱིས་བསྩལ་བ་ག་ལ་ཡིན། བསྐྱུར་ཞོག བསྐྱུར་ཞོག ལན་འདིར་ཁོ་བོ་སྡོད་པར་སེམས་ཀྱི་ཁོ་ཐག་ཆད། འབྲལ་གླུ་སྟོང་གིས་ཞུ་བ་བྱས་ཀྱང་ངལ་བའི་རྒྱུ། མཛའ་བོ་རྒྱང་དུ་བཞུད་ཤུལ་ཁེར་ཧྲང་གིས་ཁང་ཁྱིམ་སྲུང་བའི་ཚུལ་དེ་དྲན་པས། ཁང་མདུན་གྱི་ཆུ་ཕྲན་གཅིག་པུས་ད་བཟོད་ཉིན་གང་བགྲད་པའི་སུ་ཡི་མིག་ཟུང་སེམས་ཀྱིས་འཚོ། མིག་ཟུང་རྒྱང་དུ་ཀེར་བའི་དུས་དེ་ནས་བཟུང་། ངའི་འཇིག་རྟེན་དུ་སྐྱོ་གདུང་གསར་བ་ཞིག་བསྣན་པར་གྱུར།
རྨི་ལམ་འདྲ་བའི་གླུ་གཞས། རྟག་པར་ཆུ་འགྲམ་ལྡིང་ཁང་དེ་རུ་སྲོད་ལ་ཡོལ་བར་ལྟད་མོར་ཕྱིན་པ་དྲན་པ།
རྟག་པར་ཆུ་འགྲམ་ལྡིང་ཁང་དེ་རུ་སྲོད་ལ་ཡོལ་བར་ལྟད་མོར་ཕྱིན རབ་རོབ་བཟི་ཅིང་ཕྱིར་ལྡོག་ལམ་ཡང་མཛོལ་བར་དྲན། སྤྲོ་བ་སངས་རྗེས་གྲུ་ཆུང་ཕྱིར་བགྲོད་ཁ་ལོ་བསྒྱུར་ན་ཡང་ རབ་རིབ་སྨག་གིས་པད་ཚལ་གསེང་དུ་འཁྲུལ་བར་བསྐྱོད། ཇི་ལྟར་བརྒལ་ཨང་ཇི་ལྟར་ཐར་བར་བྱ ཆུ་སྐྱར་མང་པོ་དངངས་སྐྲོག་དང་བཅས་འཕུར་བ་མཐོང་།
ཝུའུ་ལིན་གྱི་དཔྱིད་དཔལ-----དཔྱིད་ལྗོངས།
དཔྱིད་དུས་ཡལ་ཡང་མེ་ཏོག་ཞིམ་མངར་རྡུལ་ཁྲོད་བསྒོས དུས་ཚོད་འཕྱི་བར་ཕྱིན་ཡང་མེ་ལོང་མདུན་ནས་དབུ་སྐྲ་ཤད་པར་བསུན བྱ་དངོས་རྟག་པར་མཐོང་ཡང་མི་ནི་འགྱུར་བས་ཀུན་ལ་རེ་ཐག་ཆད སེམས་ཀྱི་སྡུག་ཡུས་བརྗོད་པར་འདོད་ཀྱང་མིག་ཆུའི་རྡོག་པས་ཁྱེར། ཆུ་ཕྲན་ཧྲང་ཆི་བཞུར་སར་ད་དུང་དཔྱིད་དཔལ་མ་ཡལ་གནས་པ་ཐོས ངས་ཀྱང་ཀོ་གྲུ་དལ་གྱིས་བཏང་སྟེ་ལྗོངས་རྒྱུར་ཞུགས་པར་བློ་བཏང་ཡང་ ཧྲང་ཆུའི་སྟེང་གི་ཀོ་གྲུའི་རྒྱ་ཁྱོན་དང་ནི་ཤོང་ཚད་དེར་དཔག་སྟེ དེ་ལས་འགོངས་པའི་སྐྱོ་གདུང་ཐེག་མིན་བསམ་པས་སྤོབས་པ་ཉམས།
གཙང་བོར་བཅར་བའི་འཕགས་མི། ཕུ་ཐག་ཟད་པའི་ཁྱམས་རའི་ཕུགས་ནི་ཅི་ཙམ་ཟབ།
ཕུ་ཐག་ཟད་པའི་ཁྱམས་རའི་ཕུགས་ནི་ཅི་ཙམ་ཟབ། ཁང་བརྩེགས་དུ་སྨུག་གིས་དཀྲིས་པས་སྒོ་དྲ་དམ་པོར་ཟུམ། ལྕུག་མས་ལྗང་མདོག་འཁུར་ཞིང་ཅོ་ལེ་འདབ་མ་སྔོ་མདངས་ཁད་ཀྱིས་གསལ།དཔྱིད་ཀྱི་གོམ་ཁ་ཅཱན་ཁང་ནགས་སུ་བསྒྱུར་ཀྱང་། བགྲེས་པའི་མི་དེ་ཅཱན་ཁང་མཁར་དང་རིང་དུ་གྱེས། ཟླ་བ་དང་དྲི་གཞོན་གྱིས་བསྩལ་བའི་བགྲང་འདས་ཕྱིར་དྲན་དག ད་ནི་ཡོད་ཚད་ལ་སྤྲོ་བ་ཟད་ཅིང་ཨ་ཐང་ཆད། སེམས་ཀྱི་སྐྱོ་སྡུག་བརྗོད་སའི་ཡུལ་ནི་མེད་པས་ལྷག་ཏུ་རྒས་པར་གྱུར།བཅོ་ལྔའི་ལྒང་ཞུ་འདེགས་པར་སྙིང་བོས་དབེན། ཁ་བར་གོམ་པ་གཅོག་པའི་སྤྲོ་བ་བོར།
དྲི་བསུང་གིས་ཁྱབ་པའི་ཁང་ཁྱིམ། དཔྱིད་ཀྱི་དཔལ་ཡོན་བུ་མོའི་གཟིམ་ཆུང་སྦས།
དཔྱིད་ཀྱི་དཔལ་ཡོན་བུ་མོའི་གཟིམ་ཆུང་སྦས།ཕྱི་ནང་ཀུན་ཏུ་ལྷིང་ངེར་ཉིན་མོའི་འདུ་འཛི་རྒྱ་ལ་བཅུག་པས། འདུན་ཁང་ནི་ཕུ་ཐག་ཟད་ཅིང་རབ་རིབ་གྱུར། བདུག་སྤོས་ཡོངས་སུ་སིམ་ཚར་བ་ན། ཉི་མའི་གྲིབ་མ་དེ་ཡང་ཡོལ་རས་ངོས་སུ་དཔྱངས། ཉིད་ཀྱིས་བཙུགས་པའི་གཙང་འགྲམ་གྱི་ཅུ་ལི་ཤིང་ནི་ལེགས་པར་སྐྱེས་པས། གཙང་འགྲམ་དང་ཁང་བརྩེགས་སུ་འགོས་ཏེ་ལྟད་མོར་གཟིགས་པའི་ངལ་བ་བསྟེན་པས་ཅི་བྱ།སྙིང་གཏམ་བརྡོལ་ཡུལ་བྲལ་བའི་ང་རང་ཁུ་སུམ་ཁད་ཀྱིས་གནས་པ་ནི། འདས་སོང་གི་ལོ་ཟླའི་ཁྲོད་ཧི་ཞོན་གྱིས་ཡཱང་ཀྲུག་མཁར་ནས་མེ་ཏོག་ལ་ཅེར་ཏེ་བློང་བློང་བོར་གྱུར་པ་དང་གཉིས་སུ་མ་འཆིས། དང་པོ་ཉིད་ནས་མཛེས་པའི་སྒེག་ཉམས་དེས་ཆར་རླུང་གི་རྒོལ་བ་མི་ཐེག་པ་ཤེས་ཡོད། སུ་ཞིག་གིས་༼དཔྱིད་མགོའི་མེ་ཏོག་ལྷུང་བའི་༽གླིང་བུ་བུས་པས།ང་ཡི་སེམས་པ་མུག་པོ་དེ་ཡང་འགུལ་བར་བྱས། དྲི་བསུང་ཡལ་ཞིང་ཁ་བ་ཆད་པར་ཁྲོ་བར་མི་བྱ་སྟེ། རྗེས་ཤུལ་གསུབ་ཀྱང་བརྩེ་བ་གཏན་དུ་ལུས་པར་ཡིད་ཆེས་བྱེད་རོགས། སྨྲ་བསམ་བརྗོད་འདས་ཀྱི་སེམས་ཀྱི་ཟབ་སར། མཛེས་པའི་མཚན་མོར་ཟླ་འོད་སྲབ་མོས་ཅུ་ལིའི་གེལ་བའི་གྲིབ་གཟུགས་ཁྲོད་ནས་དེ་ཡི་འཕྱོར་སྒེག་ལྷང་སེར་མངོན་པར་ངང་སྒུག་བྱེད།
མེ་ཏོག་གི་གྲིབ་མའི་ཁྲོད་མྱོས་པའི་དབྱངས་རྟ། སྨུག་སྤྲིན་འཐིབས་བེར་ཉིན་གང་སྐྱོ་སིང་སིང་།
སྨུག་སྤྲིན་འཐིབས་བེར་ཉིན་གང་སྐྱོ་སིང་སིང་། དྲི་ངད་བདུག་སྤོས་དུ་བ་པོག་ཕོར་ཕྱི་རུ་ཐུལ། ཡང་གཅིག་དགུ་བའི་ཚེས་དགུ་སྐལ་བཟང་འདིར། གཅིག་པུར་སེང་སྒམ་ནང་དུ་སྔས་འབོལ་འཐམས། མཚན་གུང་ལུས་པོ་འཁྱག་སོབ་གྲང་འདར་རྒྱག སྲོད་ཀྱི་དུས་ལ་བདུད་རྩིར་མྱོས་ཀྱིན་ལུག་མིག་མེ་ཏོག་བལྟས། དྲི་བསུང་ངད་ཅན་དེས་ནི་ང་ཡི་ཕུ་དུང་འགེང་བར་བྱེད། སྟོན་ཟླ་འདི་ཡིས་ཁྱོད་ལ་སྐྱོ་གདུང་མི་བསྩོལ་མ་གསུང་དང་། ཡོལ་བ་སྟོན་རླུང་གིས་ནི་བསྒྲིལ་བ་ན། ཕུགས་ཀྱི་མི་དེ་ལུག་མིག་མེ་ཏོག་ལས་ཀྱང་རིད་པར་མཐོང་།
ཉ་བའི་ང་རྒྱལ་གྱི་དབྱངས་རྟ། སྤྲིན་གྱི་རླབས་རྩེར་འདྲེས་པའི་མཁའ་མཐའ་སྐྱ་རེངས་སྨུག་པས་འདེད་པ།
སྤྲིན་གྱི་རླབས་རྩེར་འདྲེས་པའི་མཁའ་མཐའ་སྐྱ་རེངས་སྨུག་པས་འདེད་པ། སྤྲིན་གྱི་རླབས་རྩེར་འདྲེས་པའི་མཁའ་མཐའ་སྐྱ་རེངས་སྨུག་པས་འདེད།དགུ་ཚིགས་སྐྱ་མོ་ཕྱིར་ལ་འཁོར་འདོད་གྲུ་དར་སྟོང་ཕྲག་གར་ལ་འགྲོ་བ་བཞིན། ང་ཡི་རྨི་ལམ་རྣམ་ཤེས་ཕྲ་མོ་སུམ་རྩེན་གཞལ་ཡས་ཁང་དུ་ལྡོག་པ་ལྟར།གནས་དེར་ལྷ་ཚོགས་བརྩེ་བའི་འཛུམ་གྱིས་ང་ཡི་གར་འགྲོ་འདྲི་བ་ཐོས། བདག་གིས་ལྷ་ཡི་ཚོགས་ལ་ལམ་ཐག་རིང་ཞིང་ཉི་མ་ནུབ་པར་དངན་པ་ཤུགས་རིང་དབྱུང་།མི་སེམས་སྒུལ་བྱེད་སྙན་ཚིག་འབྲི་བའི་འཇོན་ནུས་མངའ་ཡང་སྙིང་བོས་དབེན།ཡིན་ཡང་རླུང་འཚུབ་རྒོད་པོ་གདོང་གིས་བསུ་ཕོད་ཁྱུང་ཆེན་དཔག་ཚད་སྟོང་གི་མཁར་བསྙེགས་པས།རླུང་ཆེན་འགགས་པ་མེད་པར་བདག་གི་རྩྭ་གྲུ་གླིང་ཕྲན་གསུམ་དུ་བརྫངས་པར་ཞུ།
ཁོ་མོའི་འཇོ་སྒེག་རྨི་ལམ་དུ་སྒོམ་པ། ཉམས་དམས་སུ་གྱུར་པའི་ཁྱམས་ར་འཁྱབ་སིབ་སིབ།
ཉམས་དམས་སུ་གྱུར་པའི་ཁྱམས་ར་འཁྱབ་སིབ་བེར། ཆར་རླུང་འདྲེས་མས་གསེག་པར་རྡེག་པས། སོ་སོར་བརྩེགས་པའི་སྒོ་ཐེམ་ཡང་དམ་པོར་ཟུམ། ལྕང་སྡོང་དང་མེ་ཏོག་འབུས་བཞིན་གྲང་ཟས་དུས་སྟོན་ལ་ཉེ་བས།མི་སེམས་སུན་སྣང་གིས་ཁེངས་པར་བྱེད།བྱ་དཀའི་སྒྲ་སྦྱོར་བསྲེན་ཏེ་སྙན་ཚིག་འབྲི། ཨ་རག་ཆང་གི་བཟི་ཁ་དྭངས་ཀྱང་།སོས་དལ་བག་ཡངས་ཀྱིས་སེམས་པ་སྡུག་ལ་སྦྱོར། ཁྲུང་ཁྲུང་བཞུད་ཤུལ་སྐྱོ་བ་ཁྲི་ཁྲག་བསྐུར་ཡུལ་བོར། ཉིན་གྲངས་དུ་མར་ཐོག་ཁང་གྲང་རླུང་ལྡང་བས་ཡོལ་རས་དམའ་མོར་དཔྱངས་ཀྱང་།གཡུ་ཡི་ཁ་ཁྱེར་དེ་ལ་ང་རང་བསྙེ་བར་སྒྱུ་ལུག་གྱུར། མལ་ཐུལ་འཁྱག་ཅིང་བདུག་སྤོས་སིམ་རྗེས་གཉིད་ལས་སངས། སྣང་ཚུལ་འདི་ཡིས་སྐྱོ་བས་མནར་བའི་ང་ནི་དབང་མེད་མལ་ལས་ལྡང་། ཞོགས་པའི་ཟིལ་བ་དྭངས་ཤིང་འཚེར་བ་དང་། ཝུའུ་ཐུང་ཤིང་ལོར་སྔོ་མདངས་རྒྱས་པ་དེ་མཐོང་བས། དཔྱིད་ཀྱི་མཚར་ཉམས་ལྟ་བའི་འདུན་པ་དྲག་ཏུ་ཕྱིན། ཉི་གཞོན་མཁའ་རུ་འཕགས་ཤིང་དུ་ཞགས་ཀུན་ནས་འཁྲིགས་པ་ན། ང་ཡིས་ཉིན་འདི་མཚར་དུ་སྡུག་མིན་རེ་ལྟོས་བྱེད།
རྟག་བརྟན་འདུ་འཛོམས་ཀྱི་སྤྲོ་བ། ཁྲི་གདུགས་ནུབ་པའི་མཁའ་མཐའ་གསེར་རུ་གཞུས།
ཁྲི་གདུགས་ནུབ་པའི་མཁའ་མཐའ་གསེར་རུ་གཞུས།། མཚམས་སྤྲིན་མདངས་ནི་གཡང་ཊིའི་ཁུ་བར་འཁུ།། ཕ་སར་གྱེས་པའི་ང་ནི་གར་འགྲོ་གནས་མལ་ཅི།། ལྕང་ལོ་སྔོན་པོ་དུ་ཞགས་གསེང་ནས་སྟུག་པོར་འབུས།། སྐྱོ་ཡུས་འཁུར་བའི་རྒྱ་གླིང་སྙན་མོ་འཇེབས་སེར་གྲགས།། དཔྱིད་ཀྱི་མཚར་ཉམས་ས་གཞིའི་གདོང་ཡོངས་འགེང་བར་བྱེད།། ལོ་སར་དུས་ཆེན་ཉིན་འདིར་ནམ་ཟླ་རབ་དྭངས་ཀྱང་།། ཆར་རླུང་དྲག་པོ་འཁྲུགས་མིན་སུ་ཡིས་གདེང་སྤོབས་རྙེད།། གྲོགས་དག་མཆོར་སྤྲས་ཤིང་རྟ་བསྒྱུར་ཏེ་འཛོམས་པར་སླེབས།། སྐྱོ་བས་མནར་བའི་སེམས་དེས་ལྷོད་བག་མི་སྟེར་བས།། ངས་ནི་འཇམ་པོའི་ངག་གིས་སོ་སོ་ཕྱིར་ལྡོག་བྱས།། ཀྲུང་ཀྲུག་དར་རྒྱས་ཆེ་བའི་འདས་པའི་ལོ་ཟླའི་ནང་།། གཟིམ་ཆུང་དེ་ཡང་ཁོམ་ལོང་མོད་པོས་བཀང་བ་དང་།། ལྷག་ཏུ་ཚེས་ཆེན་བཅོ་ལྔར་དོ་སྣང་བྱེད་པ་དྲན།། ཞྭ་མོར་རིན་ཆེན་གཡུ་ཡི་རྒྱན་སྤྲས་ཤིང་།། ལུས་པོར་དངུལ་ལས་བྱས་པའི་གངས་ལྕང་འཁུར།། སྒེག་ལས་བྱས་པའི་བཞིན་དཔལ་ཡིད་གར་འོང་།། ཡིན་ཡང་ད་ནི་རྒས་ཤིང་མི་སྡུག་མཚན་མས་ཕྱུག། འཛིང་པར་གྱུར་པའི་དབུ་སྐྲ་ཤད་པའི་སེམས་ཀྱང་བོར།། ལྷག་ཏུ་མཚན་མོར་སྒོ་ཕྱིར་འགྲོ་བར་སྨྲེང་གྱུར་པས་།། ཡོལ་རས་འོག་ནས་གཞན་གྱི་དགོད་སྒྲར་ཉན་པར་སྤྲོ།།
2016.12 རྩེ་ཁོག