གཅིག་གོ་གཉིས་ཆོད་ཀྱི་བོད་ཡིག་འབྲི་སྦྱོང་སྨྱུ་གུར་ཆེད་ཁེ་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-05


        ཉེ་སྔོན། བོད་ཡིག་འབྲི་སྦྱོང་གི་ལྕགས་སྨྱུག་དཔེ་གསར་ཞིག་ལྷ་སའི་ཚོང་རར་བཀྲམས་ཤིང་། ལྕགས་སྨྱུག་འདིས་བོད་ཡིག་འབྲི་སྦྱོང་བྱེད་སྐབས་སྨྱུ་གུ་ཕལ་པ་དག་གིས་ནུས་པ་འདོན་མི་ཐུབ་པའི་གནས་ཚུལ་དེ་ཡོ་བསྲང་བྱས་ཡོད་པ་རེད། ལྕགས་སྨྱུག་འདིར་རྒྱལ་ཁབ་ཀྱི་དཔེ་གསར་དངོས་སྤྱོད་ཀྱི་ཆེད་ཁེ་ཐོབ་པ་རེད།

        དེང་དུས། བོད་ཀྱི་ལས་གཏོད་གཞོན་ནུ་ཐུབ་བསྟན་ཤེས་རབ་ལགས་དང་ཁོང་གི་གསར་གཏོད་ཚོགས་པས། མང་ཚོགས་ལ་ཁོང་ཚོ་རང་གིས་གསར་དུ་གཏོད་པའི"ཤེས་རབ་ཀྱི་རལ་གྲི"རྟགས་ཅན་གྱི་བོད་ཡིག་འབྲི་སྦྱོང་ལྕགས་སྨྱུག་ཅིག་ངོ་སྤྲོད་གནང་བ་རེད། རྒྱལ་ཁབ་ཀྱི་དཔེ་གསར་དངོས་སྤྱོད་ཆེད་ཁེ་ཐོབ་པའི་བོད་ཡིག་འབྲི་སྦྱོང་གི་ལྕགས་སྨྱུག་འདི་སྨུག་རྩེ་འགུལ་བར་བརྟེན་ནས་གཅིག་གོ་གཉིས་ཆོད་ཐུབ་པ་སྟེ། བོད་ཡིག་དབུ་ཅན་དབུ་མེད་གཉིས་ཀ་འབྲི་ཐུབ་ཀྱིན་ཡོད་པས། བོད་ཡིག་སྦྱོང་མཁན་དང་བོད་ཡིག་ཡིག་གཟུགས་ལ་མཉེས་མཁན་ཚོར་ཕན་གོ་ཆོད་པོ་ཡོད།  
        བོད་ཡིག་འབྲི་ལུགས་ནི་མི་རིགས་གཞན་གྱི་ཡི་གེ་འབྲི་ལུགས་དང་མི་འདྲ། བོད་ཡིག་འབྲི་སྦྱོང་སྐབས་སུ། སྨྱུག་རྩེ་ཡོངས་འབྲི་དེབ་ངོས་ལ་བཞག་ཏེ་བྲིས་ན་ད་གཟོད་ཡི་གེ་འབྲི་རྒྱུན་གྱི་རྒྱུན་སྐྱོང་ཐུབ་པར་ངེས། ད་ལྟ་ཀྲུང་གོར་བོད་ཡིག་འབྲི་སྦྱོང་གི་ལྕགས་སྨྱུག་ཁྲོད་དུ་སྨྱུག་རྩེ་ཇུས་འགོད་སོགས་ཀྱི་ཆ་ནས་མི་འདང་ས་མང་པོ་ཡོད་པ་རེད། 

        བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལྷག་པ་ཚེ་རིང་གིས"ལྕགས་སྨྱུག་འདི་ནི་སྨྱུག་རྩེ་ཇུས་བཟོའི་ཁྲོད་གསར་བརྒལ་བྱུང་འདུག བོད་ཡིག་འབྲི་སྦྱོང་ལ་དགའ་མཁན་ཚོར་ཕན་ཐོགས་ཡོད་པ་མ་ཟད། བོད་ཡིག་ཡིག་གཟུགས་འཕེལ་རྒྱས་གཏོང་བར་མཚོན་ནའང་། གསར་བརྗེའི་རང་བཞིན་གྱི་དོན་སྙིང་ལྡན་འདུག"ཅེས་བརྗོད་པ་རེད།

        ད་ལྟ། "ཤེས་རབ་ཀྱི་རལ་གྲི"རྟགས་ཅན་གྱི་བོད་ཡིག་འབྲི་སྦྱོང་གི་ལྕགས་སྨྱུག་འདི་ཉིད་སྡེབ་ཚོང་ཐོན་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད། ཚོང་རར་ཡང་བཀྲམས་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1